དབྱིན་ཇི་ཡིས་སྔར་ལས་ལྷག་པའི་སྒོ་ནས་རིམས་འགོག་ཚད་བཀག་ཇེ་ལྷོད་དུ་བཏང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 03-31


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱིན་ཇིའི་དབྱིན་ཀི་ལན་ས་ཁུལ་དུ་ཚེས་ཉེར་དགུ་ཉིན་རིམས་འགོག་ཚད་བཀག་བྱེད་ཐབས་ཇེ་ལྷོད་དུ་བཏང་བ་དང་། མི་དྲུག་ཕྱི་རོལ་ནས་འདུ་འཛོམས་བྱས་ཆོག་པར་བྱས་ཤིང་། འབྲེལ་འདྲིས་ཀྱི་བར་ཐག་ཚད་བཀག་སྲུང་འཛིན་བྱས་པའི་གནས་ཚུལ་འོག ཕྱི་རོལ་ཡུལ་གྱི་ལུས་རྩལ་སྒྲིག་ཆས་ཡང་བསྐྱར་སྒོ་འབྱེད་བྱས་ཆོག་པར་བྱས། 
        དབུ་བཞུགས་བློན་ཆེན་ཡའོ་ཧན་ཞོན་གྱིས་བཤད་རྒྱུར། དེ་རིང་ཚད་བཀག་ཇེ་ལྷོད་དུ་བཏང་ཡང་། མི་སུ་ཡིན་ཡང་སྔར་བཞིན་རིམས་འགོག་གཏན་འཁེལ་ལག་བསྟར་ནན་མོ་བྱེད་དགོས་པ་དང་། ལག་པ་དང་ངོ་གདོང་གི་གཙང་སྦྲར་དོ་སྣང་བྱེད་དགོས། བར་ཐག་འོས་འཚམ་སྲུང་འཛིན་བྱེད་དགོས་པར་མ་ཟད། བརྡ་ཐོ་འབྱོར་བའི་སྐབས་སུ་འགོག་སྨན་བརྒྱག་ཏུ་ཡོང་དགོས་ཟེར། 
        ཡའོ་ཧན་ཞོན་གྱིས་མང་ཚོགས་དག་གིས་སྔར་བཞིན་དོགས་ཟོན་བྱེད་དགོས་པའི་འབོད་སྐུལ་བཏང་། ཡོ་རོབ་གླིང་གི་ས་ཁུལ་གཞན་པའི་རིམས་ནད་ཡང་བསྐྱར་ཚབས་ཆེན་དུ་འགྱུར་བ་དང་གཤིས་འགྱུར་གྱི་པྲོག་གསར་ནད་དུག་བསྟུད་འབྱུང་བར་སེམས་ཁུར་བྱེད་བཞིན་ཡོད་ཟེར། 
        འཆར་གཞི་ལྟར་ན། དབྱིན་ཀི་ལན་ས་ཁུལ་གྱི་འཚོ་བའི་རྒྱུན་མཁོའི་དངོས་རྫས་མིན་པའི་ཚོང་ཁང་དང་སྐྲ་བཞར་ཁང་ཟླ་བཞི་བའི་ཚེས་བཅུ་གཉིས་ཉིན་ཡང་བསྐྱར་སྒོ་འབྱེད་བྱེད་རྒྱུ་རེད། 
        ཡའོ་ཧན་ཞོན་གྱིས་བཤད་རྒྱུར། སྲིད་གཞུང་གིས་བདེ་ཐང་སྐུལ་འདེད་གཞུང་སྒྲུབ་ཁང་བཙུགས་ཏེ། སྦྱོང་བརྡར་དར་སྤེལ་དང་ཚོ་ནད་དང་སེམས་ཁམས་གནད་དོན་ཐག་གཅོད་རོགས་བྱེད་རྒྱུ་ཡིན་ཟེར། 


རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1