༄༅།།ཟླ་གཤིས་བུམ་སྟེང་དགོན་རྣམ་རྒྱལ་གཡུང་དྲུང་གླིང་།

རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཧི་མ་ལ་ཡིན་བོན་གྱི་དྲ་བ། སྤེལ་དུས། 04-09



ཟླ་གཤིས་བུམ་སྟེང་དགོན་རྣམ་རྒྱལ་གཡུང་དྲུང་གླིང་།

   ཟླ་གཤིས་བུམ་སྟེང་དགོན་རྣམ་རྒྱལ་གཡུང་དྲུང་གླིང་།

  བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་ཁྱུང་པོ་རི་བོ་རྩེ་དྲུག་གི་ཉེ་འདབས་ས་མདོ་ཤང་གི་ནུབ་ངོས་སྤྱི་ལེ་དྲུག་གི་མཚམས་སུ་རྒྱབ་རི་ཟོ་དོར་གཉེན་པོ་གཡུ་རྩེའི་པང་དུ་ཆགས་ཡོད། ༧སྤྲུལ་སྐུ་བློ་ལྡན་སྙིང་པོ་རྩེ་དྲུག་ནས་ཟླ་གཤིས་ལ་ཕེབས་དུས་དགོན་པ་བཞེངས་རྒྱུའི་སྐོར་དགོངས་གཞི་ཡོད་པར་བརྟེན། སུ་གཅིག་ལ་མ་གསུངས་པར་ཞོགས་པ་སྔ་པོ་ཡར་བཞེངས་ནས། འཁར་དབྱུག་བསྣམས་ཏེ་ཟླ་གཤིས་སྟོད་ནས་ཁ་སྟོད་ལ་བྲག་སྐས་ཁ་བརྒྱུད་ནས་ཕེབས། དེང་སང་ཡོངས་གྲགས་སུ་ཆུ་འགོ་སྟོད་ཞེས་འབོད་ས་དེར་སླེབ་དུས། འཁར་དབྱུག་ལ་བརྟེན་ཏེ་ངལ་གསོས་སྐབས་སྐྱ་རེངས་ཤར་བ་དང་སྦལ་པ་དཀར་པོ་གཅིག་དང་འཕྲད། རྟེན་འབྲེལ་རང་འགྲིགས་བྱུང་ཏེ་འཁར་དབྱུག་བརྟེན་རྗེས་ལ་ཆུ་མིག་བརྡོལ་ནས་དེང་སངས་དབྱར་དགུན་མེད་པར་འཐུང་ཆུ་རྒྱུན་ཆད་མེད་པར་ཡོད། སྦལ་པ་དཀར་པོ་དེ་ཀླུ་རྒྱལ་གཙུག་ན་རིན་ཆེན་གྱི་སྤྲུལ་པ་ཡིན་པར་བཤད། དེ་ནས་ཡར་བུམ་སྟེང་ཁ་ལ་ཕེབས་པ་དང་ཤར་ཕྱོགས་ནས་ཉི་ཟེར་འཕྲོས་པའི་གོང་གི་རྟེན་འབྲེལ་ལ་བརྟགས་ནས་བསྟན་པ་ཉི་མ་བཞིན་དུ་ཤར་བའི་བཀྲ་ཤིས་སྨོན་འདུན་གྱི་མཚམས་སྦྱར་ནས་ས་གནས་དེར་ལ། སྤྲུལ་པའི་སྐུ་མཆོག་བློ་ལྡན་སྙིང་པོས༡༣༨༤ཟླ་གཤིས་བུམ་སྟེང་དགོན་ཕྱག་བཏབ། དགོན་སྡེ་འདི་ཉིད་རྩེ་དྲུག་བླ་རབས་རིམ་བྱོན་གྱིས་གཟིགས་རྟོགས་གནང་། ༧རྩེ་དྲུག་བླ་མ་སངས་གླིང་བཞི་པ་ཁྱུང་སེར་པད་མ་གར་དབང་མཆོག སྤྱི་ལོ༡༨༠༢ཆུ་ཁྱི་ལོར་འཁྲུངས། ཁོང་གིས་ཟླ་བཟའ་ཨ་ཏིང་ཁབ་རུ་བཞེས་ནས་ཟླ་གཤིས་བླ་བྲང་ཕྱག་བཏབ་ནས་བཟུང་སྟེ་དགོན་དེར་བདག་སྐྱོང་གནང་། དེའི་སྐུ་སྲས་རིག་འཛིན་དབལ་འབར་སྟག་སླག་དང་། ཁྱུང་སེར་ནོར་བུ་དབང་རྒྱལ་སོགས་བླ་རབས་རིམ་བྱོན་གྱིས་གཟིགས་རྟོགས་མཛད། དུས་འགྱུར་རྗེས་ཟླ་སྤྲུལ་ཡང་སྲིད་བརྒྱད་པ། ༧ཟླ་སྤྲུལ་རིན་ཆེན་ཕུན་ཚོགས་མཆོག་གིས་གཟིགས་སྐྱོང་བླ་མེད་གནང་བའི་འོག ལྷ་སྡེ་མི་མང་གིས་༧རིན་པོ་ཆེ་མཆོག་ལ་དབྲ་ཁྱུང་ཐོགས་མེད་རྣམ་རྒྱལ་མཆོག་དགོན་གྱི་དབུ་བླར་གནང་དགོས་པའི་ཞུ་བ་ཕུལ་བ་བཞིན། རིན་པོ་ཆེས་ཞལ་བཞེས་གནང་སྟེ་ཟླ་གཤིས་དགོན་པའི་དབུ་བླ་ཁྲི་འདོན་མཛད། ད་བར་ལོ་ངོ་ཉི་ཤུའི་གཡས་གཡོན་ལ་དབྲ་ཁྱུང་ཐོགས་མེད་རྣམ་རྒྱལ་མཆོག་གིས་དགོན་པའི་བསྟན་དོན་གྱི་འགན་བླངས་ཤིང་རྒྱལ་ཁབ་ཀྱིས་ཀྲུའུ་རིན་རྒན་པའི་མིང་ཕུལ་ཡོད། ༧རྩེ་དྲུག་བླ་མ་དབྲ་ཁྱུང་བསྟན་འཛིན་འོད་ཟེར་རིན་པོ་ཆེ་མཆོག་གིས་ཕྱི་ནང་གི་རྟེན་དང་བརྟེན་བཞེངས་སྐོར་ལ་དུས་ཀུན་ཏུ་གཟིགས་རྟོགས་ཚད་མེད་གནང་བཞིན་ཡོད། ད་སྐབས་སྔགས་པ་རྣམས་ཀྱི་ལོ་ལྟར་དཔྱིད་ཀྱི་འགོ་མར་བསམ་ལྷུན་སྒྲུབ་པ་དང་། དབྱར་ཁར་མེ་ཏོག་མཆོད་པ། དགུན་ཁར་དགུ་ཟློག་ཆེན་མོ་སོགས་སྔར་སྲོལ་བཞིན་འཚོགས་བཞིན་ཡོད་ལ། ལོ་ལྟར་འགན་ཁུར་བརྗེ་ལེན་གྱི་སྲོལ་བཙུགས་ཏེ་གྲྭ་སྒྲིག་ལམ་རྒྱུན་འཇགས་སུ་གནས་ཡོད། རྒྱལ་ཁབ་གཞུང་གིས་ཆོག་མཆན་དང་མོས་མཐུན་ཡོད་པའི་སྔགས་དགོན་དང་། ལོ་རྒྱུས་ཡུན་རིང་ཞིང་ས་གནས་བྱིན་ཆེ་བའི་སྒྲུབ་སྡེ་ཞིག་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1