ཕྱི་ཉིན་ཐོ་རེངས་གསུམ་པའི་སྐར་ཆེན་ཤར་དུས་ཕ་རྒན་མལ་ལས་ཡར་བཞེངས་ཏེ་ཞལ་ངོ་གཙང་མར་བཀྲུས་རྗེས་བསང་ཁྲི་ལས་མེ་སྒྲོན་ནས།
བ་ལུ། ནས་བརྔོས་མ། ཤུག་པ། སྤ་མ། ཨ་ག་རུ། གུར་ཀུམ། སྤང་སྤོས། མཁན་པ།
ཐོད་དཀར་སོགས་ཚང་མ་སྦགས་བསྲེས་བྱས་པའི་བསང་རྫས་ཀྱིས་ལྷ་བསང་སྔོན་མོ་ཕུད་དེ་བདུད་རྩི་ཆང་ཕུད་ཀྱིས་ཆབ་ཆུ་རྒྱག་ཞོར་བསང་འབོད་གཏོང་བཞིན་འདུག
ཐུགས་རྗེའི་བདག་ཉིད་རྩ་རྒྱུད་བླ་མ་དང་། །
ཡི་དམ་ལྷ་ཚོགས་སྐྱབས་གནས་དཀོན་མཆོག་གསུམ། །
དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས། །
སྤྱན་འདྲེན་མཆོད་པའི་གནས་འདིར་གཤེགས་སུ་གསོལ།
།རཾ་ཡཾ་ཁཾ་ཨོཾ་ཨཱཿཧཱུཾ།
མཆོད་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་བསླུ་བ་མེད་པའི་གཏན་གྱི་སྐྱབས་གནས།
།
བླ་མ་དཀོན་མཆོག་རིན་ཆེན་རྣམ་གསུམ། །
བསྟན་པའི་བདག་པོ་ཤཱཀྱའི་རྒྱལ་བོ། །
བསྐལ་བ་བཟང་བོའི་སངས་རྒྱས་སྟོང་རྩ། །
དགྲ་བཅོམ་བསྟན་པའི་གཏད་རབས་བདུན་དང་། །
འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས། །
ཟུང་འཇུག་སྐུ་བརྙེས་གྲུབ་ཆེན་བརྒྱད་ཅུ་སོགས་རྒྱ་གར་འཕགས་པའི་ཡུལ་གྱི་པཎ་གྲུབ་རིམ་བྱོན་རྣམས་ཀྱི་ཞལ་དུ་རཾ་ཡཾ་ཁཾ་ཨོཾ་ཨཱཿཧཱུཾ།
ཨེ།
བོད་ཡུལ་སྲིན་པོ་མུན་པའི་གླིང་འདིར། །
དམ་པའི་ཆོས་ཀྱི་དཀར་ལམ་བཏོད་པའི། །
ཆོས་རྒྱལ་ལོ་པཎ་གོང་མ་རིམ་བྱོན། །
མཁན་སློབ་ཆོས་གསུམ་ཇོ་འབྲོམ་ཡབ་སྲས། །
ཁྱད་པར་གངས་ཅན་ཤིང་རྟའི་སྲོལ་འབྱེད། །
འཇམ་མགོན་རྒྱལ་བ་བློ་བཟང་གྲགས་པ། །
ཡབ་སྲས་འཁོར་སློབ་དག་པ་རྣམ་བརྒྱད། །
རྒྱལ་ཚབ་འཇམ་དབྱངས་གཙང་བ་བདུན་བརྒྱུད། །
འཕགས་མཆོག་ཕྱག་ན་པདྨོའི་རྣམ་འཕྲུལ། །
སྐྱབས་མགོན་རྒྱལ་བའི་དབང་བོ་རིམ་བྱོན། །
སྣང་བ་མཐའ་ཡས་ངུར་སྨྲིག་རྣམ་རོལ། །
ཀུན་གཟིགས་པཎ་ཆེན་འཁྲུངས་རབས་རིམ་བྱོན། །
ཀུན་མཁྱེན་བླ་མ་བཞད་པའི་རྡོ་རྗེ། །
འཁྲུངས་རབས་གསེར་རིའི་འཕྲེང་བསྟར་བརྒྱུས་པ། །
འགྲོ་མགོན་ཐར་ཤུལ་ཆོས་སྐྱོང་རྒྱ་མཚོ་ལ་སོགས་པ་མདོ་སྔགས་བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་བསྒྲེངས་པའི་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ།
ཨེ། ཚེ་གཅིག་ལུས་གཅིག་ཉིད་ལ། །
སྐུ་བཞིའི་རྒྱལ་ས་སྟེར་བའི། །
བྱིན་རླབས་ཅན་གྱི་ཡི་དམ། །
ཕ་རྒྱུད་གསང་བ་འདུས་པ། །
མ་རྒྱུད་འཁོར་ལོ་བདེ་མཆོག །
དཔལ་ཆེན་རྡོ་རྗེ་འཇིགས་བྱེད། །
སངས་རྒྱས་དུས་ཀྱི་འཁོར་ལོ། །
ཁྲོ་རྒྱལ་གསང་བདག་འཁོར་ཆེན། །
དཔལ་ཆེན་རྟ་མཆོག་རོལ་བ།
།ལ་སོགས་པ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་ཁྱེད་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ།
ཨེ། ཤར་ལྷོ་བསིལ་བ་ཚལ་གྱི་དུར་ཁྲོད། །
ཙན་དན་ནགས་ཚལ་འཁྲིགས་པའི་ཀློང་ནས། །
མྱུར་མཛད་ཡེ་ཤེས་མགོན་པོ་ཕྱག་དྲུག །
གསང་ཡུམ་མ་ཅིག་དཔལ་ལྡན་ལྷ་མོ། །
འཕྲིན་ལས་མྱུར་སྒྲུབ་གནོད་སྦྱིན་རྣམ་བཞི། །
གཙང་རིས་དཔལ་མགོན་བདུན་ཅུའི་ཚོགས་དང་བཅས་པ་ཁྱེད་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ།
ཨེ། ལྷོ་ཕྱོགས་རིམ་པ་བདུན་གྱི་འོག་རོལ། །
འཇིགས་རུང་ལྕགས་མཁར་སྒོ་མེད་ནང་ནས། །
ཆོས་ཀྱི་རྒྱལ་བོ་ཕྱི་ནང་གསང་གསུམ། །
མ་མོ་ནག་མོ་ཙ་མུཎྚི་སོགས། །
ཕོ་བརྒྱད་མོ་བརྒྱད་གཤིན་རྗེ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ།
།
ཨཻ་གནས་མཆོག་ཧ་ཧ་རྒོད་པའི་དུར་ཁྲོད། །
དར་ལུང་གཉན་པོ་ཁེའུ་བྲག་རྫོང་། །
ས་སྐྱའི་སྤྲུལ་བའི་གཙུག་ལག་ཁང་སོགས། །
རང་བཞིན་དག་པ་ཆོས་ཀྱི་དབྱིངས་ནས། །
ཀླུ་སྒྲུབ་ཞབས་ཀྱི་ལྟ་བའི་སྲུང་མ། །
དཔལ་མགོན་སྟོབས་འཕྲོག་མ་ཧཱ་ཀཱ་ལ། །
ཧེ་རུ་ཀ་དཔལ་བྲམ་ཟེའི་གཟུགས་ཅན། །
ཟག་མེད་དགྱེས་བསྐྱེད་པ་ཁྱེད་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ།
ཨཻ་བྱང་ཤར་མུ་ལེ་དུང་གི་ཁྲག་མཚོར། །
བསེ་མཁར་སྨུག་པོའི་གཞལ་ཡས་ཁང་ནས། །
རིགས་དང་རྒྱུད་ལ་འགོ་བའི་སྲུང་མ། །
མ་གཅིག་དཔལ་ལྡན་དམག་ཟོར་རྒྱལ་མོ། །
སྣ་ཁྲིད་ཆུ་སྲིན་སེངྒེའི་གདོང་ཅན། །
དུས་བཞིའི་ལས་སྒྲུབ་རྒྱལ་མོ་རྣམ་བཞི། །
མོ་རྒྱུད་སྲུང་མའི་ཚོགས་དང་བཅས་པ་ཁྱེད་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ།
ཨཻ་བྱང་ཤར་མ་རུ་ཙྱེ་ཡཻ་དུར་ཁྲོད། །
བྲག་དམར་མཆོང་ལྡིང་ཕོ་བྲང་སོགས་ནས། །
གནོད་སྦྱིན་ཆེན་པོ་དྲེགས་པ་ལྕམ་སྲིང་། །
སྲིང་མོ་སྲིད་པའི་ལྷ་མོ་གདོང་དམར། །
བཀའ་ཉན་ལས་མཁན་སྲོག་བདག་དམར་པོ། །
འཁོར་ཚོགས་བཤན་པའི་ཚོགས་དང་བཅས་པ་ཁྱེད་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ།
།
ཨཻ་རྒྱལ་ཀུན་གསང་གསུམ་བདག་པོའི་ཞིང་ཁམས། །
བྱང་ཕྱོགས་ལྕང་ལོ་ཅན་གྱི་གནས་ནས། །
ཚུལ་ཁྲིམས་བསླབ་གསུམ་དག་པའི་སྲུང་མ། །
རྒྱལ་བོ་ཆེན་པོ་རྣམ་མང་ཐོས་སྲས། །
ཐུགས་སྤྲུལ་གནོད་སྦྱིན་རྟ་བདག་བརྒྱད་སོགས། །
གྲངས་མེད་ནོར་ལྷའི་ཚོགས་དང་བཅས་པ་ཁྱེད་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ།
ཨཻ་འོག་མིན་བདེ་ཆེན་ཆོས་ཀྱི་ཞིང་ཁམས། །
རི་བོ་མ་ལ་ཡ་ཡི་སྐྱེད་ཚལ། །
ནུབ་ཕྱོགས་ཕ་ཝང་ལུང་བའི་སྐུ་མཁར། །
གར་བཞུགས་སྡེ་བརྒྱད་དྲེགས་པའི་གནས་ནས། །
འཛམ་གླིང་གནམ་ས་ཕྱེད་ཀྱི་བདག་པོ། །
སྐྱེས་མཆོག་དམ་ཅན་རྡོ་རྗེ་ལེགས་པ། །
དངོས་གྲུབ་མཆོག་སྩོལ་དམ་ཅན་ནོར་ལྷ། །
ཐེའུ་རང་སྟོང་དཔོན་མགར་བ་ནག་པོ། །
ཐུགས་ཀྱི་དགྱེས་སྡེ་བསྟན་མ་བཅུ་གཉིས། །
ལས་བཞི་མྱུར་སྒྲུབ་རུ་འདྲེན་སྡེ་བཞི། །
ལྷ་ཀླུ་བཙན་བདུད་མ་མོའི་དཔུང་ཚོགས། །
དགེ་བསྙེན་མཆེད་འཁོར་སུམ་བརྒྱ་དྲུག་ཅུ་ཁྱེད་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ།
ཨཻ་སངས་རྒྱས་རྣམ་པར་གཟིགས་པའི་སྤྱན་སྔར། །
སེམས་བསྐྱེད་ནས་བཟུང་ས་བཅུ་བགྲོད་ཀྱང་། །
ཐུབ་བསྟན་ཆོས་འཁོར་སྐྱོང་བའི་སླད་དུ། །
འབྲོག་གནས་ཚུལ་བཟུང་རྨ་རྒྱལ་སྦོམ་ར། །
ཕྱོགས་བཞི་སྐྱོང་བའི་གཉན་ཆེན་སྡེ་བཞི། །
བསྟན་སྐྱོང་རྨ་རིགས་སུམ་བརྒྱ་དྲུག་ཅུ། །
རྨ་འཁོར་སྟོང་དང་ལྔ་བརྒྱའི་ཚོགས་དང་། །
བཅས་པ་ཁྱེད་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། །
སྟོང་གསུམ་འཇིག་རྟེན་ཡུད་ཀྱིས་བགྲོད་པའི། །
རྫུ་འཕྲུལ་ཤུགས་ལྡན་དྲེའུ་དཀར་སྟེང་ན། །
འཕྲིན་ལས་མྱུར་མགྱོགས་ཀུན་གྱི་སྡེ་དཔོན། །
འཇམ་དཔལ་ནག་པོའི་ཐུགས་ཀྱི་སྤྲུལ་བ། །
བུན་ཁྲང་གསེར་ཞལ་ཡུལ་ལྷ་གཉན་པོ། །
བཀར་ཉན་ལས་བྱེད་བཤན་པ་ཙི་ཐུང་། །
སྡིག་ཅན་སྲོག་ལེན་བཤན་པ་རྭ་མགོ །
ཀླུ་བཙན་མ་མོའི་འཁོར་དང་བཅས་པ་ཁྱེད་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ།
ཧོ་སྟོབས་ལྡན་དགྲ་ལྷ་ཡོངས་ཀྱི་སྡེ་དཔོན། །
འཕྲིན་ལས་མྱུར་མགྱོགས་བྲག་དཀར་མཆེད་གསུམ། །
མང་ཡུལ་གསེར་ལྗོངས་རིང་མོའི་གོང་བ། །
མཁའ་འགྲོ་སྒོས་ཀྱི་ལྷ་མོ་སྤུན་གསུམ། །
བླ་རི་ཁེ་རབ་དཔག་ཆེན་གཙོ་བས། །
དཀར་ཕྱོགས་སྐྱོང་བའི་མཐོན་པོ་བཅུ་གསུམ། །
བན་བོན་དཔོན་གྱི་བླ་གནས་ས་འཛིན། །
ཨ་མྱེས་གླང་ཆེན་འགྱིངས་རི་མཐོན་པོ། །
ཁྱུང་མགོན་ཡར་སེང་ཐུགས་ཀྱི་སྲས་བོ། །
གནས་བསྲུང་ཁྱུང་ཐོད་འཕགས་པ་ཀླུ་སྒྲུབ། །
སྤྱན་རས་གཟིགས་དབང་ཐུགས་ཀྱི་སྤྲུལ་བ། །
ལྷོ་ནུབ་སྲིན་པོའི་སྒོ་བསྲུང་ཚུལ་འཛིན། །
བཀའ་གདམས་དགེ་ལྡན་བསྟན་སྲུང་ཆེན་པོ། །
དགེ་བསྙེན་ཕྱིང་དཀར་སྤྲུལ་བ་ཡང་སྤྲུལ། །
དངོས་གྲུབ་མཆོག་སྩོལ་དགྲ་ལྷའི་རྒྱལ་པོ། །
མཐུ་ལྡན་བཙོར་ལུང་དམག་དཔོན་མཐོན་པོ། །
དགོས་འདོད་ཡིད་བཞིན་སྩོལ་བའི་དགྲ་ལྷ། །
འཕྲིན་ལས་མྱུར་མགྱོགས་གཡུ་རྒོད་གཉན་པོ། །
དཀར་ཕྱོགས་སྐྱོང་བ་ཀུན་གྱི་སྡེ་དཔོན། །
ལྷ་དཔོན་ཆུ་བཟང་རྫ་རི་དཀར་པོ། །
ནག་ཕྱོགས་བདུད་སྡེ་རྩད་ནས་འཇོམས་པའི། །
ལྷ་གཉན་བཙན་པོ་ཁུ་ལུང་གཡག་སྙིང་། །
འདོད་རྒུའི་འབྱོར་བ་ཅི་དགར་སྩོལ་བའི། །
གཏེར་བདག་བཅུད་པར་རྫ་རྒན་མཐོན་པོ། །
གནས་གསུམ་ཊཱ་ཀི་བྱེ་བའི་རོལ་གར། །
མང་རའི་མཁའ་འགྲོ་དཔལ་མོ་བརྒྱ་རྩ།
།སོགས་མང་སྟོད་སྨད་ཀྱི་དཀར་ཕྱོགས་སྐྱོང་བའི་ལྷ་སྲིན་སྡེ་བརྒྱད་ཡུལ་ལྷ་གཞི་བདག་རྣམས་ལ་འབུལ་ལོ།
།མཆོད་དོ། །དགྱེས་བཞིན་བཞེས་སུ་གསོལ།
ཧོ། བསླུ་མེད་མཆོག་གསུམ་འདུས་པའི་བདག་ཉིད། །
དྲིན་ཅན་རྩ་བ་བརྒྱུད་པའི་བླ་མ། །
རྒྱུད་སྡེ་རྣམ་བཞིའི་ཡི་དམ་ལྷ་ཚོགས། །
མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་དང་། །
ཡུལ་ཁམས་སྐྱོང་བའི་གཞི་བདག་གནས་བདག །
མཐུ་ལྡན་དཀར་ཕྱོགས་སྐྱོང་བ་རྣམས་ལ། །
ཨོཾ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབས་པའི། །
ཟག་མེད་བདུད་རྩིའི་བསང་རྫས་འདི་རྣམས། །
ཀུན་བཟང་མཆོད་པའི་སྤྲིན་དུ་སྤྲོས་ནས། །
མཆོད་ཡུལ་རྣམས་ལ་འཕྲིན་ལས་བཅོལ་རྒྱུ། །
ཨཻ། སངས་རྒྱས་བསྟན་པའི་དབུ་འཕང་དགུང་ལ་བསྟོད་ཅིག །
བསྟན་འཛིན་སྐྱེས་བུ་རྣམས་ཀྱི་སྐུ་ཚེ་བསྲིངས་ཤིག །
དགོན་གནས་དགེ་འདུན་སྡེ་རྣམས་ཕྱོགས་མཐར་ཁྱབ་ཅིག།
རྒྱལ་ཁམས་ཡོངས་ལ་བདེ་སྐྱིད་འཕེལ་བར་མཛོད་ཅིག །
ནག་ཕྱོགས་བདུད་སྡེ་དཔུང་ཚོགས་འཇོམས་པར་མཛོད་ཅིག །
མཐའ་དམག་མཐའ་འདྲེའི་འཇིགས་པ་ཞི་བར་མཛོད་ཅིག །
བསམ་སྦྱོར་ངན་པའི་གདུག་རྩུབ་དྲུངས་ནས་ཕྱུངས་ཤིག །
འཐབ་རྩོད་འཁྲུག་སློང་གྱོད་སྣ་དགྲ་ལ་སྒྱུར་ཅིག །
ཉིན་གསུམ་མཐོ་བའི་སྒང་ནས་སོ་བ་མཛོད་ཅིག །
མཚན་གསུམ་དམའ་སའི་གཞུང་ནས་མེལ་ཚེ་མཛོད་ཅིག །
སྒོ་ཟོག་ཕྱུགས་ནོར་རིགས་ལ་གོད་ཁ་མ་གཏོང་། །
ཕ་མ་ཉེ་དུ་ཚང་མར་ན་ཚ་མ་གཏོང་། །
སྐྱིད་ཀྱི་ཉི་མ་རྟག་ཏུ་ཤར་བར་མཛོད་ཅིག །
སྡུག་གི་མུན་པ་གཏིང་ནས་སེལ་བར་མཛོད་ཅིག །
ཆོས་སྲིད་གཡང་གི་མཚོ་མོ་འཁྱིལ་བར་མཛོད་ཅིག །
བླ་ཚེ་སྲོག་གི་རི་རྒྱལ་བརྟན་པར་མཛོད་ཅིག །
ཕྱོགས་བཅུར་སྙན་པའི་གཡས་འཁྱིལ་དུང་དཀར་བུས་ཤིག །
ས་གསུམ་གྲགས་པའི་དར་ཆེན་སྲིད་རྩེར་སྒྲེངས་ཤིག །
བསམ་པའི་དོན་འགྲུབ་འདོད་པའི་རེ་བ་སྐོངས་ཤིག །
བཅོལ་འཕྲིན་མ་ལུས་མྱུར་དུ་འགྲུབ་པར་མཛོད་མཛོད། །
བླ་མ་ཡི་དམ་ཆོས་སྐྱོང་སྲུང་མ་ཚོགས་ཀྱི། །
གཙང་མ་ཕུད་ཀྱི་བསང་མཆོད་འདི་བཞེས་ལ། །
རྣལ་འབྱོར་བདག་ཅག་བསམ་དོན་འགྲུབ་པ་དང་། །
སངས་རྒྱས་བསྟན་པ་རྒྱས་པའི་འཕྲིན་ལས་མཛོད།
བསང་འབོད་ནི་སྡེ་བ་རེ་རེས་འབོད་ཚུལ་མི་གཅིག་ཀྱང་འདི་ནི་འབྲི་མཁན་གྱི་སྡེ་བའི་འབོད་ཚུལ་ལྟར་གཞིར་བཟུང་ནས་བྲིས་པ་ཡིན།
ཉིན་དེ་གའི་རིང་གི་བདེ་སྡུག་ཐམས་ཅད་ཡུལ་ལྷ་གཞི་བདག་ལ་སྐྱབས་བཅོལ་བ་ཡིན་པར་ངེས། བསང་མཆོད་བྱེད་པ་ནི་རང་གིས་
བསྟེན་པའི་ཆོས་སྐྱོང་སྲུང་མ་དང་ཡུལ་ལྷ་གཞི་བདག་གྲོགས་སུ་འཛིན་པའམ་འཕྲིན་ལས་སྩོལ་བར་སྐྱབས་བཅོལ་བ་ཡིན། དཔེར་ན།
དཔལ་ལྡན་ལྷ་མོ། དམ་ཆེན་རྡོར་ལེགས། དཔལ་མགོན། ཨ་མྱེས་ཡུལ་ལྷ་སོགས་འབོད་པ་རེད།