༄༅། །ཚིག་གཏེར་རྒྱ་མཚོ་བཀླགས་རྗེས་ཀྱི་བསམ་ཚུལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-05


            འདིར་བཤད་པའི་༼ཚིག་གཏེར་རྒྱ་མཚོ༽་བྱ་བ་ནི། དགེ་རྒན་ཐུབ་བསྟན་ཕུན་ཚོགས་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་༼བོད་ཡིག་ཚིག་གཏེར་རྒྱ་མཚོ༽ བྱ་བ་དེ་ཡིན་ལ། དེ་ནི་ཉེ་ཆར་སི་ཁྲོན་དཔེ་སྐྲུན་ཚོགས་པ་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་ནས་བཀྲམ་ཞིང་། དེབ་ཆ་ཚང་ལ་སྟོད་ཆ་དང་། བར་ཆ། སྨད་ཆ་བཅས་དེབ་རྒན་གསུམ་གྱི་བདག་ཉིད་ཅན་ཞིག་གོ དཔེ་རིན་ལ་དམངས་སྒོར་360་ཡིན།

            དགེ་རྒན་ཐུབ་བསྟན་ཕུན་ཚོགས་ལགས་ཀྱིས་བོད་ཡིག་གི་ཚིག་མཛོད་ཆེན་མོ་ཞིག་རྩོམ་གིན་ཡོད་ཚུལ་ངས་སྔ་མོ་ནས་གོ་མྱོང་ལ། དུས་ནམ་ཞིག་ལ་མཇལ་ཐུབ་བམ་སྙམ་སྟེ་རེ་བའང་བཅངས་མྱོང་། ཉེ་ཆར་ཁྲིན་ཏུའུའི་བོད་ཀྱི་དཔེ་ཚོང་ཁང་ཞིག་ནས་ཚིག་གཏེར་འདི་འཚོང་གིན་ཡོད་པས། ཚམ་ཚོམ་ཅི་ཡང་མེད་པར་འཕྲལ་དུ་བླུས་པ་ཡིན།

            ཉིན་འགའི་རྗེས་སུ་ཚིག་གཏེར་འདི་བམ་ཀློག་ཅིག་བྱས་པས། བློ་ཡུལ་ལས་འདས་པའིི་གནད་དོན་མང་པོ་ཞིག་མཐོང་བྱུང་། དེ་ནི་ཡོངས་གྲགས་ཀྱི་ཆད་ལྷག་དང་གཏགས་ནོར་ཙམ་གྱི་གནས་ཚུལ་ཙམ་མིན་པར། རྒྱུན་ཤེས་སྐོར་ཀྱི་གནད་དོན་མང་པོ་ཞིག་ལ་ནོར་འཁྲུལ་བྱུང་འདུག་པས་། སྟབས་ཤིག་ལ་རང་གིས་རང་ལའང་ཡིད་མ་ཆེས་པའི་ཁད་དུ་ལྷུང་།

            སྤྱིར་བཤད་ན་ཚིག་མཛོད་དང་དག་ཡིག་གང་ཡིན་ཡང་ནོར་འཁྲུལ་རེ་གཉིས་མི་འབྱུང་བ་ནི་མི་སྲིད་ཅིང་། ལྷག་པར་དུ་འདི་འདྲའི་ཚིག་གཏེར་རྒྱ་མཚོ་དེབ་རྒན་ཆེན་པོ་གསུམ་གྱི་བདག་ཉིད་ཅན་ཞིག་ལ་དེ་བས་ཀྱང་བཤད་ཅི་དགོས། གཞན་དགེ་རྒན་ཁོང་གིས་ལོ་དུ་མར་དཀའ་ངལ་དང་ལུས་ཚེགས་ལ་མ་འཛེམས་པར་ཚིག་གཏེར་འདི་འདྲ་ཞིག་བརྩམས་ནས་རང་རེའི་མདུན་སར་དངོས་སུ་བཀྲམས་ཐུབ་པ་བྱུང་བ་ལ་རྗེས་སུ་ཡི་རངས་དང་གུས་པ་ལན་བརྒྱ་འབུལ་དགོས་པ་ལས། ཚིག་སྣ་རེ་གཉིས་ཤིག་ཁ་ཟིན་སྣ་ཟིན་དུ་ཐོགས་པ་ཙམ་ལ་སྐྱོན་བརྗོད་དང་ཐེར་འདོན་བྱེད་པ་ནི་གཏན་ནས་མི་འོས་པ་ཞིག་ཡིན་པ་སྨོས་མ་དགོས། ལྷག་པར་དུ་དེང་གི་མཁས་པར་རློམ་པའི་མི་རེ་གཉིས་ནང་བཞིན་ཆད་ལྷག་དང་། གཏགས་ནོར་འགར་མཐོང་ཚེ་དེར་ཤི་འཐམ་སྤར་འཐམ་བྱས་ཏེ། ཚིག་རྩོད་ཀྱི་གླེགས་བམ་བསྒྲིགས་པ་ནི། དངོས་གནས་རང་གི་ལས་དབང་ལ་ཡིད་མུག་ཅིང་གཞན་གྱི་ཕུན་ཚོགས་ལ་མ་བཟོད་ནས་དཀྲོགས་གཏམ་དང་རྡབ་ཞོག་བཟོ་མཁན་རྣམས་ཀྱི་བྱེད་ལས་འབའ་ཞིག་ཡིན་པ་ལས། ང་ལ་ནི་དེ་འདྲའི་དུས་ཚོད་དང་ཀུན་སློང་གཉིས་ཆ་ནས་གང་ཡང་མེད། འོན་ཏེ། དོན་ལ་ལ་ཞིག་གི་ཐད་ནས་བཤད་ན། གྲོགས་ཀྱི་ངོ་བསྲུང་བ་དང་། ཆེན་པོའི་ཐུགས་མཉེས་པའི་ཆེད་དུ་ཁ་གསག་དང་གཅམ་བུའི་ངོ་སོ་བྱེད་པའི་ལས་དོན་སོགས་ལས་རིང་དུ་དོར་ཏེ། སྤྱི་ཚོགས་ཡོངས་ཀྱི་ཁེ་ཕན་དང་མི་རིགས་སྤྱིའི་ལས་དབང་ལ་བསམས་ནས་སྐད་ཆ་འགའ་རེ་བཤད་དགོས་པ་ནི་གཞན་གང་ལས་ཀྱང་དོན་གལ་ཆེ་བ་ཞིག་ཏུ་མཐོང་ངོ་།།

              གཤམ་དུ་ངེད་ཀྱིས་ཚིག་གཏེར་རྒྱ་མཚོ་ནང་གི་མ་བཤད་ཐུ་མེད་ཀྱི་གནད་དོན་འགའ་བཤད་པར་བྱ་སྟེ། དེ་ཡང་རེ་རེ་ནས་བཤད་ན། ཡང་བསྐྱར་གླེགས་བམ་ཞིག་བརྩམས་དགོས་པའི་ཚོད་དུ་མི་ལྷུང་བའི་ངེས་པ་མི་འདུག་པས། དཔེར་མཚོན་ཙམ་དུ། ཡུལ་ལུང་གཅིག་ནས་བྱུང་བའི་གནད་དོན་རེ་གཉིས་འགའ་དམིགས་སུ་བཀར་ནས་རང་གི་བསམ་ཚུལ་ཙམ་ཞིག་བརྗོད་པར་བྱ།

               དེ་ཡང་ཚིག་གཏེར་རྒྱ་མཚོ་སྨད་ཆའི་ཤོག་གྲངས་3122་སྟེང་དུ།

 

1: གཡེར་གཤོང་དགོན། རབ་བྱུང་བཅུ་གཉིས་པའི་མེ་བྱི་སྤྱི་ལོ་1696་ལོར་འཇམ་དབྱངས་བློ་གྲོས་ཀྱིས་ཕྱག་བཏབ། གྲུབ་མཐའ་དགེ་ལུགས་ཡིན། ད་ལྟ་རེབ་གོང་རྫོང་དུ་ཡོད། ཅེས་པ་དང་།

 

2;ཡང་དེ་མ་ཐག་གི་གཤམ་དུ། གཡེར་གཤོང་དགོན། ཕྱག་བཏབ་མཁན་དང་བཞེངས་མཁན་མི་གསལ། ད་ལྟ་མཚོ་སྔོན་རྨ་ལྷོ་རེབ་གོང་རྫོང་ཁོངས་སུ་ཡོད། ཅེས་པ་དང་།

 

3: ཡང་དེའི་གཤམ་དུ། གཡེར་གཤོང་བསམ་གཏན་ཆོས་གླིང་། སྔགས་འཆང་འཇམ་དབྱངས་བློ་གྲོས་ཀྱིས་ཕྱག་བཏབ། ད་ལྟ་མཚོ་ཤར་ཡ་རྫི་རྫོང་ཁོངས་སུ་ཡོད། ཅེས་གསལ།

 

4;ཡང་སྨད་ཆའི་ཤོག་ངོས་3244སྟེང་། རོང་པོ་གཡེར་གཤོང་དགོན་པ། ཕྱག་བཏབ་མཁན་དང་བཞེངས་ལོ་མི་གསལ། གྲུབ་མཐའ་དགེ་ལུགས་པ་ཡིན། ད་ལྟ་མཚོ་ཤར་ཡ་རྫི་རྫོང་ཁོངས་སུ་ཡོད། ཅེས་བཤད་དོ།།

 

              གོང་འཁོད་ཀྱི་བརྗོད་བྱ་དེ་དག་ནི། དགེ་རྒན་ཐུབ་བསྟན་ཕུན་ཚོགས་ཀྱིས་རྩོམ་སྒྲིག་བྱས་པའི་༼ཚིག་གཏེར་རྒྱ་མཚོ༽་ནང་གི་ནང་དོན་ཡིན་ལ། ངོ་མ་བཤད་ན། འདིར་གསལ་བཤད་གནང་འདུག་པའི་གཡེར་གཤོང་དགོན་པའམ་གཡེར་གཤོང་བསམ་གཏན་ཆོས་གླིང་བྱ་བ་ནི། དེང་སང་བཤད་ན། རེབ་གོང་རྫོང་བློན་ཆོས་ཤང་གཡེར་གཤོང་དགོན་བྱ་བ་དེ་ཡིན་ལ། དགོན་འདིའི་མཚན་ཆ་ཚང་ལ་གཡེར་གཤོང་བསམ་གཏན་ཆོས་གླིང་བྱ་བ་དང་། རྒྱ་སྐད་དུ་༼ 同仁县兰采乡叶什姜寺༽ཟེར་རོ།། སྔགས་འཆང་འཇམ་དབྱངས་བློ་གྲོས་ཀྱིས་སྤྱི་ལོ་1696་ལོར་ཕྱག་བཏབ་པ་ཡིན།

              གཡེར་གཤོང་དགོན་ལ་རྩ་བ་ནས་ཆ་རྒྱུས་མེད་པའི་མི་ཞིག་ལ་མཚོན་ན། གོང་འཁོད་ཀྱི་ནང་དོན་དེ་དག་ནི་ཧ་ཅང་གི་རྙོག་འཛིང་ཆེ་བ་ཞིག་ཡིན་པ་མ་ཟད། མ་བསམ་ས་ནས་ད་དུང་གཡེར་གཤོང་དགོན་པ་ཞེས་པའི་མིང་ཅན་གཉིས་གསུམ་ཞིག་ཡོད་པ་དང་། དགོན་དེ་རྣམས་ནི་རེབ་གོང་རྫོང་དང་ཡ་རྫི་རྫོང་གཉིས་སུ་ཡོད་པར་འདོད་ངེས་སོ།།

              ཆེས་ཡ་མཚར་བ་ཞིག་ནི། ཚིག་གཏེར་དུ་འཁོད་པའི་ནང་དོན་དང་པོ་དང་གཉིས་པ་གཉིས་ནི་རེབ་གོང་རྫོང་གི་༼同仁县༽མངའ་ཁོངས་སུ་ཡོད་པར་བཤད་ཡོད་ལ། དེ་གཉིས་ལས་གཅིག་ལ་དགོན་པ་འདེབས་མཁན་དང་། ཕྱག་བཏབ་པའི་ལོ་ཚིགས་བཅས་གསལ་བོར་བཤད་ཡོད་ཅིང་། གཅིག་ཤས་ལ་འདེབས་མཁན་དང་ལོ་ཚིགས་སོགས་གང་ཡང་མི་གསལ་ཟེར། ཡང་གསུམ་པ་དང་བཞི་བ་གཉིས་ནི་ཡ་རྫི་རྫོང་གི་༼循化县༽མངའ་ཁོངས་སུ་ཡོད་ཅེས་བཤད་པ་མ་ཟད་ད་དུང་ཕྱག་བཏབ་མཁན་དང་བཞེངས་ལོ་མི་གསལ་ཞེས་སྨྲས་འདུག་པས། མ་མཐའ་ཡང་འདི་ལ་ཐད་ཀྱིས་བལྟས་ན་དགོན་པ་གསུམ་ཙམ་གྱི་གནས་ཚུལ་ཞིག་ངོ་སྤྲོད་བྱེད་པ་རེད་སྙམ་པ་ལས་དགོན་པ་གཅིག་ཡིན་པའི་གསལ་ཆ་དང་ངེས་ཤེས་ནི་སུ་ལའང་འཆར་དཀའ། ཚིག་གཏེར་གྱི་ནང་དོན་དེ་དག་བལྟས་ཚར་རྗེས་གཞན་གྱིས་ཕར་ཞོག་དགོན་འདི་ལ་ཆ་རྒྱུས་ཤིན་ཏུ་ཆེ་བའི་ངེད་ཀྱིས་ཀྱང་ཅུང་ཟད་མགོ་འཐོམས་པའི་གནས་ཚུལ་བྱུང་སོང་བ་ནི་ཧ་ཅང་གི་བདེན་པ་ཡིན། དེ་ནི་བརྗོད་བྱའི་གནད་དེ་གོ་དཀའ་བ་སོགས་ཀྱི་གནས་ཚུལ་གང་ཡང་མིན་པར་ཆེས་སླ་བའི་དོན་དག་ཅིག་ཧ་ཅང་དཀའ་བར་བཏང་ནས་བཤད་འདུག་པའི་སྐྱོན་གྱིས་ཡིན་པ་བཤད་མ་དགོས་སོ།།

              སྤྱིར་བཏང་ཡིན་ན་གནད་དོན་འདི་དག་ནི་རྒྱུན་ཤེས་ཀྱི་གནས་ཚུལ་ཙམ་ལས་དཀའ་གནད་ལྟ་བུ་གང་ཡང་མ་རེད། དཔེར་ན། དགེ་རྒན་ཐུབ་བསྟན་ཕུན་ཚོགས་ནི་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཞིག་ཡིན་པས། མ་མཐའ་ཡང་དགོན་འདིའི་མཚན་ཡོངས་ལ་ཅི་དང་། ས་ཁོངས་གང་དུ་ཡོད་པ་རང་ཉིད་ཀྱིས་མ་ཤེས་ན། རང་གི་སློབ་མ་ཕ་ཡུལ་རེབ་གོང་ནས་ཡིན་པ་ཞིག་ལ་དྲིས་ཚེ་གསལ་བོར་ཤེས་ངེས་རེད། དེ་ལ་དཀའ་ཚེགས་ཆེན་པོ་གང་ཡང་མེད་པ་གསལ་བོར་ཡིན་པ་ལྟ་བུ་རེད།

              དེས་ན་དོན་དངོས་ཚིག་གཏེར་ལས་བཤད་པའི་གཡེར་གཤོང་དགོན་པ་དེ་འདྲ་མང་པོ་ཞིག་ཡོད་དམ་མེད་ཅེ་ན། ག་ལ་ཡོད་མེད་དོ།།གཅིག་ཡོད་པ་ནི་ངས་གོང་དུ་བཤད་པ་ལྟར་རེབ་གོང་རྫོང་བློན་ཆོས་ཤང་ངམ་གྲོང་བརྡལ་གྱི་མངའ་ཁོངས་སུ་ཡོད་ལ་དེ་ལས་གཞན་གཡེར་གཤོང་དགོན་པ་ཞེས་པ་ཞིག་རྫོང་དེ་གཉིས་གང་ལའང་མེད་དོ།། ཡ་རྫི་རྫོང་༼循化县༽གི་མངའ་ཁོངས་སུ་གཡེར་གཤོང་དགོན་བྱ་བ་ཞིག་རྩ་བ་ནས་མེད་ལ། སྔགས་འཆང་འཇམ་དབྱངས་བློ་གྲོས་ཀྱིས་བསྐྱངས་པའི་ཡ་རྫི་རྫོང་གི་དགོན་པ་ནི་ད་ལྟ་ཡོངས་གྲགས་སུ་བིས་མདོ་དགོན་ཆེན་བྱ་བ་དེ་རེད།དེ་ལ་གཡེར་གཤོང་དགོན་པ་བྱ་བའི་མཚན་ཞིག་ལོ་རྒྱུས་ཐོག་བྱུང་མྱོང་མེད་པ་ངེས་པར་དུ་ཤེས་དགོས་སོ།།

              5;ཡང་སྟོད་ཆའི་ཤོག་གྲངས་512སྟེང་། སྒོ་དམར་དགོན། མིང་གཞན་ལ་སྒར་དགའ་ལྡན་ཕུན་ཚོགས་གླིང་ཟེར།རབ་བྱུང་བཅུ་གཉིས་པའི་ལྕགས་བྱ་སྤྱི་ལོ་1741ལོར་ཡེ་ཧྲི་ཅང་གིས་ཕྱག་བཏབ། གྲུབ་མཐའ་དགེ་ལུགས་ཡིན། ད་ལྟ་རྨ་ལྷོ་རེབ་གོང་རྫོང་ཁོངས་སུ་ཡོད། ཅེས་པ་དང་།

                གོང་འཁོད་ཀྱི་ནང་དོན་དེ་ཡང་ཚིག་གཏེར་ནང་གི་རེད། སྒོ་དམར་དགོན་འདི་གོང་དུ་བཤད་ཟིན་པའི་གཡེར་གཤོང་དགོན་པ་དང་སྤྱི་ལེ་བཅོ་ལྔ་ཙམ་གྱི་སར་ཡོད་ལ། རེབ་གོང་རྫོང་ཐོག་ནས་བྱང་ཕྱོགས་སུ་སྤྱི་ལེ་བཞི་ལྔ་ཙམ་གྱི་སར་ཡོད། ངས་གོང་གི་ནང་དོན་དེ་མཐོང་མ་ཐག་ཞེད་སྣང་ཚ་བོ་ཞིག་སྐྱེས་སོང་། དེ་ནི་དགོན་འདི་༼ཡེ་ཧྲི་ཅང་གིས་ཕྱག་བཏབ་༽ཅེས་པའི་ཚིག་དེའི་རྐྱེན་གྱིས་སོ།། དོན་དངོས་འདིར་བཤད་པའི་ཡེ་ཧྲི་ཅང་ཟེར་བ་སུ་ཡིན་ནམ། ཧ་ལམ་ཚང་མས་ཤེས་སྲིད་ཀྱི་མ་རེད། ངེད་ཀྱིས་ནི་དགོན་འདིའི་ལོ་རྒྱུས་དང་ཡིག་ཚང་སོགས་ཀྱི་སྐོར་ལ་ལོ་དུ་མར་ཞིབ་འཇུག་བྱས་ནས་དཔྱད་རྩོམ་ཡང་རེ་གཉིས་བྲིས་མྱོང་། ཡིན་ནའང་། ཡེ་ཧྲི་ཅང་ཟེར་བའི་མི་དེ་འདྲ་ཞིག་ཡོད་པ་བོད་ཡིག་གི་དཔེ་ཆ་གང་དུ་ཡང་མཐོང་བ་ཕར་ཞོག་གོ་ཐོས་ཙམ་ཡང་མེད་པས། ཇི་ལྟར་མནོ་བསམ་བཏང་ཡང་ཤེས་མ་བྱུང་། དེས་ན་སུས་ཤེས་སམ། སྟབས་ལེགས་པ་ཞིག་ལ། ནུབ་བྱང་མི་རིགས་སློབ་ཆེན་ན་སློབ་གཉེར་བྱེད་བཞིན་པའི་སློབ་མ་སྒོ་དམར་བ་ཤ་བོ་ཚེ་རིང་ལགས་ཀྱིས་ཡེ་ཧྲི་ཅང་ཟེར་བ་ནི། པེ་ཏུའུ་百度རུ་གསལ་བའི་叶什姜་བྱ་བ་དེ་ཐད་ཀར་སྒྲ་བསྒྱུར་བྱས་པ་འདྲ། 百度པེ་ཏུའུ་ནང་གི་སྒོ་དམར་དགོན་པའི་ངོ་སྤྲོད་མདོར་བསྡུས་ཤིག་ཡོད་པ་དེར་ཡེ་ཧྲི་ཅང་བྱ་བ་ཞིག་འཁོད་འདུག་ཟེར།

             ངས་ལམ་སེང་པེ་ཏུའུ་百度ནང་གི་རྒྱ་ཡིག་གི་གསལ་བཤད་དུ་འཁོད་པའི་郭麻日寺བྱ་བ་དེར་བལྟས་པ་ན། 叶什姜ཟེར་བ་ཞིག་འདུག ཡིན་ནའང་། དེར་སྒོ་དམར་དགོན་ནི་ཡེ་ཧྲི་ཅང་གིས་བསྐྱངས་ཤིང་། 1741ལོར་ཡེ་ཧྲི་ཅང་སྤྲུལ་སྐུས་བྱམས་པ་སུམ་ཐོག་ཅན་ཞིག་བཞེངས་ཞེས་པ་ལས། སྒོ་དམར་དགོན་འདི་ཡེ་ཧྲི་ཅང་གིས་ཕྱག་བཏབ་པའི་ལོ་རྒྱུས་མི་གསལ།ལར་དེ་འདྲ་ཞིག་འཁོད་ཡོད་པའི་དབང་དུ་བཏང་ཡང་། པེ་ཏུའུ་ནང་དུ་གསལ་བའི་བོད་ཀྱི་ལོ་རྒྱུས་སྐོར་གྱི་ཤེས་བྱ་མང་ཤོས་ནི་ར་མ་ལུག་གི་ངང་ཚུལ་དང་ཞ་དཔེ་ལྷམ་ལ་བཀབ་སོང་བ་ལྟ་བུའི་གནས་ཚུལ་ཤ་སྟག་ཡིན་ཕྱིན། བོད་ཀྱི་ལོ་རྒྱུས་ཡིག་ཚང་དང་ཚིག་གཏེར་བསྒྲིགས་པ་ལ་ཁུངས་བཅོལ་ཆོག་པའི་ཚད་མ་ཡིད་རྟོན་འཕེར་བ་ཞིག་གང་ན་ཡོད།

              ངས་འདིར་པེ་ཏུའུ་百度ནང་དུ་བཤད་ཡོད་པའི་སྒོ་དམར་དགོན་པའི་སྐོར་གྱི་ནོར་འཁྲུལ་དེ་དག་མི་བཤད། ཡེ་ཧྲི་ཅང་ཟེར་བ་དོན་དངོས་སུ་ཡིན་པ་དེ་བཤད་པར་འདོད་དེ། ཅི་ཡིན་ཞེ་ན། གལ་ཏེ་ད་ཐེངས་དེའི་སྐོར་མ་བཤད་ན། ཕྱིས་སུ་མང་ཤོས་ཀྱིས་སྒོ་དམར་དགོན་འདི་རྒྱ་མི་ཞིག་གིས་ཕྱག་བཏབ་པ་ཡིན་ཚུལ་ལབ་འོང་བ་ཁོ་ཐག་རེད།

              དེས་ན་དོན་ངོ་མ་པེ་ཏུའུ་百度ནས་བཤད་པའི་ཡེ་ཧྲི་ཅང་བྱ་བ་སུ་རེད་ཅེ་ན། དེ་ནི་རེབ་གོང་གསེར་མོ་ལྗོངས་སུ་ཤར་ཆོས་པ་ཡབ་སྲས་ཞེས་ཉི་ཟླ་ལྟར་གྲགས་པའི་ནང་ཚན་གྱི་ཡབ་ཆོས་པ་རིན་པོ་ཆེའི་སྤྲུལ་སྐུ་སྔགས་འཆང་འཇམ་དབྱངས་བློ་གྲོས་ཀྱི་རྣམ་འཕྲུལ་གཡེར་གཤོང་དགེ་འདུན་ཟླ་གྲགས་རིན་པོ་ཆེ་མཆོག་ལ་གོ་ཞིང་། ཁོང་སྐུ་ཕྲེང་རིམ་བྱོན་ལ་ཡོངས་གྲགས་སུ་གཡེར་གཤོང་ཆེ་བ་ཚང་ཟེར། རེབ་གོང་གི་ཡུལ་སྐད་དུ་གཡེར་གཤོང་ལ་གཡེར་སྐྱོང་ཞེས་འབོད་སྲོལ་མཆིས་པས། རྒྱའི་མཁས་པ་ཚོས་叶什姜活佛་ཞེས་པ་ནི་དེ་འདྲ་ཞིག་ལ་བརྟེན་ནས་བྱུང་བ་རེད། འོན་ཏེ། བོད་ཡིག་ཏུ་གཡེར་གཤོང་ཚང་བྱ་བ་ལས་ཡེ་ཧྲི་ཅང་ཞེས་འབོད་སྲོལ་རྩ་བ་ནས་མེད་པ་ངེས་པར་དུ་ཤེས་དགོས་སོ།།

                 6;ཡང་བར་ཆའི་ཤོག་གྲངས་1708སྟེང་། མདོ་བ་བོན་རྒྱ་དགོན་པ། ཕག་གྲུའི་དུས་སུ་ཕྱག་བཏབ། གྲུབ་མཐའ་དགེ་ལུགས་པ་ཡིན། ད་ལྟ་རྨ་ལྷོ་རེབ་གོང་རྫོང་ཁོངས་སུ་ཡོད། ཅེས་གསལ་བ་དང་། གོང་གི་ནང་དོན་དེ་ཡང་ཚིག་གཏེར་ནང་གི་བརྗོད་བྱ་རེད་ལ། རེབ་གོང་རྫོང་མདོ་བ་བོན་རྒྱ་དགོན་པ་ནི། དུས་རབས་ནམ་ཞིག་ལ་བཏབ་ཚུལ་ཐད་བཤད་ཚུལ་མང་ཡང་འདིར་དེ་མི་རྩོད། དགོན་འདི་ནི་ཨ་མདོའི་ས་ཁུལ་ན་མང་དུ་གྲགས་པའི་བོན་པོའི་དགོན་པ་ཞིག་ཡིན་ཞིང་། ཡུལ་འདི་གའི་བོན་གྱི་གྲྭ་བ་ཚོས་སློབ་གཉེར་བྱེད་སའི་གདན་ས་གཙོ་བོ་ཞིག་ཀྱང་ཡིན། ཡ་མཚར་བ་ཞིག་ནི། ཚིག་གཏེར་ལས་རེབ་གོང་མདོ་བ་བོན་རྒྱ་དགོན་པའི་གྲུབ་མཐའ་ནི་དགེ་ལུགས་པ་ཡིན་ཞེས་འཁོད་ཡོད། ད་ནི་ཅི་བཤད་དགོས་པའང་མི་ཤེས་པར་གྱུར། བསམ་གཟས་ནས་འཁྱོག་བཤད་བྱས་པ་མིན་ནའང་། བོད་གངས་ཅན་ལྗོངས་ཀྱི་ཚིག་གཏེར་རྩོམ་མཁན་ཞིག་མ་མཐའ་ཡང་འདིའི་གྲུབ་མཐའ་གང་ཡིན་ཡང་མི་ཤེས་པ་ནི། ཇི་འདྲའི་བློ་ཕམ་པ་ཞིག་རེད་ཨང་། འདི་ལ་ཐད་ཀྱིས་བལྟས་ན་དོན་དག་ཆུང་ཆུང་ཞིག་ཡིན་ཡང་། གཟབ་ནན་མ་བྱས་ན་འདིའི་རིགས་ནི་རྙོག་དྲ་ཚ་བོ་བཟོ་འོང་གིན་རེད། བོན་པོ་དགོན་པ་ཞིག་དགེ་ལུགས་པ་ཡིན་ཟེར་ན་འགན་ཁུར་ཁྱོན་ནས་མེད་པའི་སྐད་ཆ་རེད། རྒྱུ་མཚན་ཅི་ཡིན་ཞེ་ན། དེང་གི་མི་མང་ཤོས་ཀྱིས་དཔེ་མང་བལྟ་རྒྱུ་ལ་རྩ་བ་ནས་དགའ་བོ་མེད། གལ་ཏེ་ཚིག་གཏེར་རྒྱ་མཚོ་ལྟ་བུ་དག་ཡིག་རེ་གཉིས་ལས་མི་ཀློག་མཁན་ཞིག་ལ་མཚོན་ན། ད་ཕྱིས་སུ་རེབ་གོང་མདོ་བ་བོན་རྒྱ་དགོན་ནི་གྲུབ་མཐའ་དགེ་ལུགས་པ་ཡིན་པར་ངོས་འཛིན་བྱས་པ་མི་ཚད་ལུང་འདྲེན་གྱི་སྒྲུབ་བྱེད་ཀྱང་ཚིག་གཏེར་ལས་དྲངས་འོང་བའང་གོར་མ་ཆག་གོ།

 

           གོང་དུ་བཤད་པའི་གནད་དོན་རྣམས་ནི་ལུང་ཁོག་གཅིག་ལས་བྱུང་བའི་དགོན་པ་རེ་གཉིས་ཀྱི་གནད་དོན་ཡིན་ལ། དེས་ཚིག་གཏེར་རྒྱ་མཚོ་ནང་གི་གནད་དོན་གཞན་དག་ལའང་རིགས་འགྲེས་ནས་ཤེས་པར་བྱ། ངས་འདིར་ཚིག་དོན་རེ་རེ་ནས་ཞིབ་བསྡུར་དང་དཔྱད་པ་གཏོང་རྒྱུའི་དུས་ཚོད་ནི་དངོས་གནས་མི་འདུག གལ་ཏེ་སྐབས་སུ་བབས་ན་བཤད་ཆོག་གོ།།

 

            ལར་བཤད་ན། ཚིག་མཛོད་དང་ཚིག་གཏེར་སོགས་ནི། དཔེ་ཆ་གཞན་དང་མི་འདྲ་སྟེ། ཀློག་པ་པོ་ཞིག་གིས་གོ་དཀའ་བའི་མིང་ཚིག་ཅིག་ལ་ཐུག་ཚེ་དེའི་དོན་ཇི་ལྟར་ཡིན་པ་གསལ་བོར་ཤེས་བྱེད་ཀྱི་མ་ཡིག་གམ་དགེ་རྒན་ལྟ་བུ་རེད། དཔེར་ན། ལྷ་བཟོ་ཞིག་ལ་མཚོན་ན། ཐིག་རྩ་དང་ཚངས་ཐིག་ལྟ་བུ་རེད། གལ་སྲིད་ཐིག་རྩ་དང་ཚངས་ཐིག་ནོར་བའི་ལྷ་སྐུ་དག་ནི་ཚོན་མདངས་དང་གསེར་བྲིས་ཇི་ལྟར་མཛེས་ནའང་། ཚད་ལྡན་གྱི་ལྷ་སྐུར་མི་བརྩི་བ་ལྟ་བུ་རེད་དོ།།དེ་འདྲ་ཡིན་ཕྱིན། ང་ཚོས་ཅིས་ཀྱང་དག་ཡིག་དང་ཚིག་གཏེར་སོགས་ཀྱི་མཚན་ཉིད་དང་མཚན་གཞི་ཤེས་དགོས་ལ། ཤེས་པ་ལྟར་མང་ཉུང་ལ་མ་བལྟོས་པར་ཚད་ལྡན་རང་བཞིན་ཞིག་བརྩམས་དགོས་པ་ལས། མིག་གིས་མཐོང་ཚད་དང་རྣ་བས་ཐོས་ཚད་གླེགས་བམ་དུ་བསྒྲིགས་ན་ཕན་པ་ལས་གནོད་པ་ཆེ་བ་མངོན་གསལ་ཡིན་པའང་ཤེས་དགོས་སོ།།

 

               དུང་དཀར་ཚིག་མཛོད་ནི། ལྟོས་འཇོག་གིས་བཤད་ན་སྔོན་མེད་ཀྱི་ཚིག་མཛོད་ཁྱད་དུ་འཕགས་པ་ཞིག་རེད་མོད། འོན་ཏེ། དེ་ལའང་ཞན་ཆ་དང་སྐྱོན་ཆ་མི་ཉུང་བ་ཞིག་འདུག དེ་ནི་ངས་གོང་དུ་ཚིག་གཏེར་རྒྱ་མཚོའི་སྐབས་སུ་བཤད་པ་ནང་བཞིན་དོན་གཅིག་ལ་མིང་མི་འདྲ་བ་མང་དུ་ཡོད་པ་དེ་དག་ལ། དོན་གཅིག་མིང་གི་རྣམ་གྲངས་ཡིན་གསལ་གྱི་ངོ་སྤྲོད་རེ་རེ་ནས་བྱས་མེད་པ་ལྟ་བུ་རེད། ཡིན་ནའང་། དུང་དཀར་ཚིག་མཛོད་ལ་ངས་དམིགས་བསལ་སྟེར་ཆོག་ལ་དེ་ལྟར་དུ་ངོས་འཛིན་ཡང་བྱེད་ཀིན་ཡོད། རྒྱུ་མཚན་ནི། དུང་དཀར་ཚིག་མཛོད་ནང་གི་བརྗོད་བྱ་ཡོད་ཚད་དུང་དཀར་རིན་པོ་ཆེས་ལོ་དུ་མར་དཔེ་ཀློག་གནང་བའི་སྐབས་སུ་ཟིན་བྲིས་སུ་བཏབ་པ་ཞིག་རེད་ལ། ཕྱིས་སུ་ཟིན་བྲིས་ཤོག་དྲིལ་རྣམས་དཔྱད་བསྡུར་དང་གསེད་དཀྲོལ་བྱེད་ཁོམ་མ་བྱུང་བར་ཁོང་གློ་བུར་དུ་སྐུ་གཤེགས་པས། དུང་དཀར་ཚིག་མཛོད་ཀྱི་རྩོམ་སྒྲིག་པ་ཚོས་དབྱེ་ཞིབ་དང་གསེད་དཀྲོལ་གང་ཡང་མ་བྱས་པར་ཁོང་གི་ཟིན་བྲིས་ཡོད་ཚད་གླེགས་བམ་དུ་བསྒྲིགས་ནས་གྲུབ་པ་ཞིག་རེད། གལ་ཏེ་དུང་དཀར་ཚིག་མཛོད་འདི་ཁོང་བཞུགས་ཡོད་དུས་ཤིག་ལ་དཔེ་སྐྲུན་བྱས་པ་ཡིན་ན། གནད་དོན་འདི་དག་ནི་འབྱུང་སྲིད་ཀྱི་མ་རེད་སྙམ།

 

          ངེས་ཀྱིས་བལྟས་ན། ཉེ་རབས་བརྩམས་པའི་དག་ཡིག་དང་ཚིག་མཛོད་ཀྱི་རིགས་ལས་ལེགས་ཤོས་ནི། ཚེ་ཏན་ཞབས་དྲུང་རིན་པོ་ཆེའི་༼དག་ཡིག་ཐོན་མིའི་དགོངས་རྒྱན༽་དང་། བཙན་ལྷ་ངག་དབང་ཚུལ་ཁྲིམས་ལགས་ཀྱི་༼བརྡ་དཀྲོལ་གསེར་གྱི་མེ་ལོང་༽དང་། ནོར་བྲང་ཨོ་རྒྱན་ལགས་ཀྱི་༼ཆོས་རྣམ་ཀུན་བཏུས༽་དང་། བསམ་གཏན་ལགས་ཀྱི་༼དག་ཡིག་གསར་བསྒྲིགས༽་སོགས་རེད་འདོད། དེ་ཅི་ཡིན་ཞེ་ན། ཚིག་མཛོད་དང་དག་ཡིག་གང་ཞིག་ཡིན་རུང་དེའི་རྣམ་གཞག་དང་། ངོ་བོ། ཁྱད་ཆོས་སོགས་ནི་གོ་དཀའ་བའི་མིང་ཚིག་ཞིག་སླ་བར་བཏང་བ་དང་། ལུང་ཁུངས་མི་གསལ་བའི་ལུང་དོན་ཞིག་གསལ་བོར་དྲངས་པ། སྡེབ་སྦྱོར་མི་ལེགས་པ་ཞིག་ལེགས་པར་བསྒྱུར་བ། བྱ་བྱེད་ལས་ཚིག་གི་དབྱེ་བ་དག་ཞིབ་ཏུ་བཀར་བ་། སྔོན་ཆད་མེད་པ་ཞིག་གསར་དུ་བསྒྲིགས་པ་སོགས་ཡིན་པའི་ཕྱིར་རོ།།

 

             བཙན་ལྷ་ངག་དབང་ཚུལ་ཁྲིམས་ལགས་ཀྱི་༼བརྡ་དཀྲོལ་གསེར་གྱི་མེ་ལོང་༽ལྟ་བུ་ནི། ཚིག་མཛོད་རྩོམ་སྟངས་ཀྱི་ཁྱད་ཆོས་ཡོངས་སུ་ཚང་ཡོད་དེ། མིང་བརྡ་གང་ཞིག་གི་ནང་དོན་འོས་འཚམ་གྱིས་བཀྲལ་བ་དང་། ལུང་ཚིག་གི་རྒྱབ་ཁུངས་བསྟན་པ། དཔེ་དོན་དང་འབྲེལ་ནས་ཞིབ་བསྡུར་བྱེད་པ་བཅས་ནི་ཧ་ཅང་གསལ་བོ་རེད།

 

           ཚེ་ཏན་ཞབས་དྲུང་རིན་པོ་ཆེའི་༼དག་ཡིག་ཐོན་མིའི་དགོངས་རྒྱན༽་ལྟ་བུ་ཡིན་ནའང་། ལུང་ཚིག་གི་འབྱུང་ཁུངས་གསལ་བ། མཁས་པ་སོ་སོའི་བཞེད་ལུགས་ལ་བསྡུར་བ། རང་ལུགས་གསལ་བོར་བཤད་པ། ལྷག་པར་དུ་མིང་ཚིག་གདམ་ང་ཅན་དུ་མ་དམིགས་སུ་བཀར་ནས་གསལ་བོར་བཤད་པ་ལྟ་བུའོ།།

 

           གཞན་ནོར་བྲང་ཨོ་རྒྱན་ལགས་ཀྱི་༼ཆོས་རྣམ་ཀུན་བཏུས༽་ནི། ཆོས་ཀྱི་རྣམ་གྲངས་ཀྱི་རིགས་ལས་ཆེས་ཁྱད་དུ་འཕགས་པའི་བརྩམས་ཆོས་ཤིག་རེད། རྣམ་གྲངས་རེ་རེའི་འབྱུང་ཁུངས་དང་། དཔེ་མིང་།ལྡེབ་མ་དང་བཅས་པ་གསལ་བོར་བསྟན་པའི་ཕྱིར་རོ།།བསམ་གཏན་ལགས་ཀྱི་༼དག་ཡིག་གསར་བསྒྲིགས༽་ནི། རིག་གསར་གྱི་སྐབས་སུ་བརྩམས་པ་ཡིན་པས། ཆོས་ལུགས་ཀྱི་ནང་དོན་ཐད་ལ་ར་རིས་བསླད་པའི་སྐད་ཆ་མང་ཡང་། བྱ་བྱེད་ལས་ཚིག་དང་། དཔེ་དོན་འཇོག་སྟངས་ཐད་ནས་བཤད་ན་ཁྱད་ཆོས་ཕུན་སུམ་ཚོགས་པ་ཚང་ཡོད་པ་བཅས་སོ།།

 

           གོང་བཤད་ཀྱི་དེ་དག་ནི་ཉེ་ཆར་ངེད་ཀྱིས་ཚིག་གཏེར་རྒྱ་མཚོ་བཀླགས་རྗེས་ཀྱི་བསམ་ཚུལ་ཙམ་ཡིན་ལ། གཙོ་བོ་ངས་འདིར་རང་གི་མྱོང་ཚོར་དང་བསམ་ཚུལ་ཙམ་བཤད་པ་ལས་ཕྱོགས་རེས་དང་། ཕྲག་དོག འགྲན་སེམས། དཀྲོག་གཏམ་བཅས་ཀྱི་བྱ་བ་གང་ལའང་འབྲེལ་བ་ཡེ་ནས་མེད། དགེ་རྒན་ཐུབ་བསྟན་ཕུན་ཚོགས་ནི་ངའི་གྲོགས་པོ་ཞིག་ཡིན་ལ། མི་སྒེར་ནས་བཟང་ས་ཡག་པོ་ཞིག་ཡིན། ཡིན་ནའང་། འདིར་བཤད་པའི་བསམ་ཚུལ་ནི་རིག་གཞུང་གི་ལྟ་ཚུལ་ལས་འཕྲོས་པའི་གནད་དོན་ཞིག་ལས། གྲོགས་པོའི་བར་གྱི་མཛའ་བརྩེ་ལ་འབྲེལ་བ་མེད་དོ།། །། རྩོམ་པ་པོ། ཚངས་དབང་དགེ་འདུན་བསྟན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1