༄༅། །དགེ་འདུན་བསྟན་པའི་འཁྲུལ་སེལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-05


            དགེ་འདུན་བསྟན་པས། 《ཚིག་གཏེར་རྒྱ་མཚོ》བཀླགས་རྗེས་ཀྱི་བསམ་ཚུལ། ཞེས་པའི 《ཚིག་གཏེར་རྒྱ་མཚོ》ལ་སྐྱོན་བརྗོད་ཡིན་པའི་ཟོལ་གྱི་རྩོམ་ཡིག་གཅིག་བྲིས་ནས། འཕྲིན་ཕྲན་དྲྭ་རྒྱ་སོགས་ལ་སྤེལ་འདུག་ཅེས་ལོ་ཕྱེད་ཙམ་གྱི་གོང་དུ། ཁོ་བོའི་སློབ་མ་འགའ་ཞིག་གིས་འཕྲིན་བརྒྱུད་ནས་ང་ལ་ལན་བསྐྱལ་བ་མ་ཟད། དེ་ལ་ལན་གཅིག་འབྲི་དགོས་པའི་སྐུལ་མ་ལན་མང་པོ་ཞིག་གནང་བྱུང་ཡང་། བལ་པོའི་སེའུ་མ་ཟོས་ཀྱང་། །ཁ་དོག་ཉིད་ནས་བྲོ་བ་ཤེས། ཞེས་པ་ལྟར་རྩོམ་པ་པོའི་མིང་ཐོས་པ་ཙམ་གྱིས་དེ་ལ་བརྒལ་ལན་འབྲི་བའི་དགོས་པ་མེད་པར་རྟོགས། འོན་ཀྱང་འཕྲིན་གྲོགས་དང་སློབ་མ་མང་པོ་ཞིག་གིས་འདི་ལ་གསལ་བཤད་ཅིག་བྲིས་ན་སློབ་གྲོགས་མང་པོ་ཞིག་ལ་ཕན་པ་འདུག་པས་ཅིས་ཀྱང་བྲིས་ན་ལེགས་ཞེས་ཡང་ཡང་སྐུལ་བ་ལ་བརྟེན། ཁོ་རང་གིས་སྐྱོན་དུ་མཐོང་བའི་གནད་དོན་འདི་རིགས་གསལ་བཤད་མདོར་བསྡུས་བྱ་བར།

            དེང་དུས་དཔྱད་རྩོམ་ཤོག་ལྷེབ་ཁ་ཤས་ལའང་ནོར་དང་། དོན་ནོར་གྱིས་ཁྱབ་ཡོད་པའི་དུས་འདིར། བོད་ཡིག《ཚིག་གཏེར་རྒྱ་མཚོ》ལྟ་བུ་དེབ་ཆེན་པོ་འདི་འདྲ་ཞིག་ལ་ནོར་འཁྲུལ་ཡོང་མི་སྲིད་པ་ལྟ་ཅི། དེས་ན་དེབ་འདིའི་ནང་ཞུ་དག་མཐར་མ་འཁྱོལ་བའི་ཡིག་ནོར་དང་། ཟློས་སྐྱོན་སོགས་འགའ་ཞིག་ཡོད་པ་ད་ལྟ་མུ་མཐུད་ནས་ལེགས་བཅོས་གཏོང་བཞིན་པ་ཡིན། སྤྱིར་བཏང་ལས་ཀའི་གྲུབ་འབྲས་གསར་པ་ཞིག་བྱུང་ཚེ། རང་གིས་དེ་བཞིན་བསྒྲུབ་མི་ནུས་པའི་ཁར། མིས་ལས་ཀ་བྱས་པ་ལ་སྐྱོན་བརྗོད་བྱེད་རྒྱུ་དེ་དེང་སང་བོད་རིགས་རྣམས་ཀྱི་རང་གཤིས་ལྟ་བུ་ཞིག་རེད།

           གྲོགས་པོ་མང་པོ་ཞིག་གིས་བསམ་ཚུལ་ལ། ལྷག་པར་དགེ་འདུན་བསྟན་པ་ལགས་ཀྱིས། འདིར་ཁོ་བོ་དང་མཁན་ཀུན་དགའ་བཟང་པོ་རྣམ་གཉིས་གཙོ་བོར་བྱས་ཏེ་ལོ་རྒྱུས་ཐོག་བོད་ཀྱི《ཚིག་གཏེར་རྒྱ་མཚོ》སྟེ། རྒྱ་སྐད་དུ《辞海》ཞེས་པ་དེ་ཐེངས་དང་པོ་ལེགས་གྲུབ་བྱུང་སྐབས། བློ་ཁོག་གུ་དོག་པའི་རྐྱེན་གྱིས་ཡུལ་ལུང་ཕྱོགས་རིས་ཀྱི་ཟུག་རྔུ་མ་བཟོད་པའི་ཀུ་ཅོ་ཙམ་དུ་ཡིན་པ་ནི དག་ཡིག་ཐོན་མིའི་དགོངས་རྒྱན་དང་། དག་ཡིག་གསར་བསྒྲིགས་སོགས་དག་ཡིག་འགའ་ཞིག་ལ་བསྟོད་བསྔགས་བྱས་པ་ཙམ་གྱིས་ཤེས་ཐུབ། ཅེས་གསུངས་པའང་དོན་ལ་གནས་སོ་སྙམ།

             འདིར་བོད་ཡིག《ཚིག་གཏེར་རྒྱ་མཚོ》ལ་ངན་སྨད་བྱེད་ཞོར་དུའང་། 《དུང་དཀར་ཚིག་མཛོད》 ལའང་སྐྱོན་མི་ཉུང་བ་ཞིག་འདུག་ཀྱང་དེ་ནི་དམིགས་བསལ་པ་སོགས་ངོ་ཚ་མེད་པའི་འུད་གཤོབ་འདི་ནི། ཡི་གེའི་སྦྱོར་ཀློག་ཡང་དག་མི་ཤེས་མཁན་ཞིག་གིས། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་དང་། ཚེ་ཏན་ཞབས་དྲུང་རྣམས་ཀྱི་མཛད་རྗེས་ལ་བཟང་ངན་གྱི་དབྱེ་བ་བརྗོད་པ་འདི་ནི། བོད་ཀྱི་གཏམ་དཔེ་ལ། ཤཱཀྱ་ཐུབ་པའི་སྐུ་གཟུགས་ལ། །བསེ་རག་ལག་པས་འདོམས་མཇལ་བྱེད། ཅེས་པ་ལྟར་ཧ་ཅང་གད་མོའི་གནས་སོ། །འོན་ཀྱང་དགེ་བསྟན་གྱིས་སྐུལ་སློང་གཞན་ཞིག་ནི། ད་ཡོད་ཀྱི་ཚིག་མཛོད་ཐམས་ཅད་ལ་དཔྱད་པ་གཏོང་ཁུལ་གྱི་སྒྲོབ་གཏམ་ཞིག་བརྗོད་ནས། རང་ཉིད་ལ་སྙན་གྲགས་ཅུང་ཟད་ཐོབ་པའི་སྐུལ་སློང་གིས་ཀྱང་ཡིན་སྲིད། །

གཤམ་དུ་དགེ་འདུན་བསྟན་པས་སྐྱོན་དུ་མཐོང་བའི་དོན་རྐྱེན་འགའ་ཞིག་ལ་མདོར་བསྡུས་ནས་ལན་དུ།

           དགེ་འདུན་བསྟན་པ་ན་རེ། ཉིན་འགའི་རྗེས་སུ་ཚིག་གཏེར་འདི་བམ་ཀློག་ཅིག་བྱས་པས། བློ་ཡུལ་ལས་འདས་པའི་གནད་དོན་མང་པོ་ཞིག་མཐོང་བྱུང་། དེ་ནི་ཡོངས་གྲགས་ཀྱི་ཆད་ལྷག་དང་གཏགས་ནོར་ཙམ་གྱི་གནས་ཚུལ་ཙམ་མིན་པར་རྒྱུན་ཤེས་སྐོར་ཀྱི་གནང་དོན་མང་པོ་ཞིག་ལ་ནོར་འཁྲུལ་བྱུང་འདུག་པས། སྟབས་ཤིག་ལ་རང་གིས་རང་ལའང་ཡིད་ཆེས་པའི་ཁད་དུ་ལྷུང” ཞེས་དང་། གཤམ་དུ་ངེད་ཀྱིས་ཚིག་གཏེར་རྒྱ་མཚོའི་ནང་གི་མ་བཤད་ཐུ་མེད་ཀྱི་གནད་དོན་འགའ་བཤད་པར་བྱ་སྟེ། དེ་ཡང་རེ་རེ་ནས་བཤད་ན་ཡང་བསྐྱར་གླེགས་བམ་ཞིག་བརྩམས་དགོས་པའི་ཚོད་དུ་མི་ལྷུང་བའི་ངེས་པ་མི་འདུག་པས། དཔེར་མཚོན་ཙམ་དུ་ཡུལ་ལུང་གཅིག་ནས་བྱུང་བའི་གནད་དོན་རེ་གཉིས་འགའ་དམིགས་སུ་བཀར་ནས་རང་གི་བསམ་ཚུལ་ཙམ་ཞིག་བརྗོད་པར་བྱ།” ཞེས་པར།

            ཁོ་བོས་ལན་དུ། ཚིག་མཛོད་འདི་ལ་སྐྱོན་དང་ནོར་འཁྲུལ་གང་ཡོད་དག་བཅོས་ཀྱི་ཆེད་དུ། གླེགས་བམ་གཅིག་ལྟ་ཅི། གླེགས་བམ་ལྔ་འབྲི་ཐུབ་ནའང་ཁོ་བོས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་མ་ཚད། གླེགས་བམ་འབྲི་བའི་མཐུན་རྐྱེན་དང་འགྲོ་སོང་གང་དགོས་ཁོ་བོས་ཞབས་ཞུ་བསྒྲུབ་ངེས་ཡིན་ཏེ། དེ་ནི་བོད་ཀྱི་རིག་གནས་ལ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་མཛད་རྗེས་ཞིག་ཡིན་པས་སོ། ཉིན་ལྟར་འཁོར་བའི་གྲོང་དུ་གྱི་ནར་འཁྱལ་བ་ལས། མ་འོངས་རང་རིགས་རྣམས་ལ་ཕན་པའི་ཆེད་དུ་ཡི་གེ་ཤོག་ལྷེབ་ཁ་ཤས་འཇོག་ཐུབ་ན་དགའ་བ་ངེས་སོ། །

           དགེ་འདུན་བསྟན་པས། སྐྱོན་བརྗོད་གཙོ་བོ་མཚོ་སྔོན་ཕྱོགས་ལ་གཡེར་གཤོང་དགོན་པ་ཞེས་པའི་མིང་ཁ་ཤས་མཐོང་དུས། དེ་ལས་ཧ་ལས་ཧང་སང་ནས་ས་སྟེང་འདི་ལ་དགོན་པ་མིང་འདྲ་བ་ཡོད་མི་རུང་བ་དགོངས་འདུག དེ་ནི་དངོས་གནས་ཁྲོན་པའི་སྦལ་པའི་དཔེར་ལས་མ་འདས། བོད་གངས་ཅན་ལྗོངས་ལ་གྲུབ་མཐའ་མི་གཅིག་ཀྱང་། དགོན་པ་མིང་གཅིག་པ་ཅན་ཤིན་ཏུ་མང་། དཔེར་ན། ཚིག་གཏེར་རྒྱ་མཚོའི་ནང་དུ་བསྡུ་རུག་བྱས་པའི་དགོན་པའི་མིང་ཐོ་ནང་། དགོན་གསར་དགོན། ཞེས་པ་བཅུ་དགུ་ཡོད། དེ་དག་གྲུབ་མཐའ་ས་དགེ་བཀའ་རྙིང་བོན་དང་བཅས་པ་ཐམས་ཅད་ཡོད་ཅིང་། ད་རུང་དེའི་ནང་མ་འདུས་པ་ཡོད་སྲིད། དེས་ན་ལོ་རྒྱུས་ཀྱི་ཤེས་བྱ་སློབ་ཐུན་གཅིག་ཙམ་ཡང་བསླབས་གཉེར་མ་མྱོང་བ་ཞིག་གིས། མཚོ་སྔོན་ཞིང་ཆེན་གཅིག་གི་ནང་དུ་དགོན་པ་མིང་གཅིག་པ་ཅན་ཡོད་མེད་ཇི་ལྟ་སྨྲ་ནུས། ཁྱོད་རང་གི་སྐྱོན་དུ་མཐོང་བ་དེ་དག་སྐྱོན་མ་ཡིན་པའི་རྒྱུ་མཚན་མདོར་བསྡུས་ནས་བཤད་པར།

༡༽ དགེ་འདུན་བསྟན་པས་སྐྱོན་དུ་མཐོང་བ། རེབ་ཀོང་རྫོང་དང་། ཡ་རྫི་རྫོང་གཉིས་ལ་གཡེར་གཤོང་དགོན་པ་ཟེར་བ་རེ་རེ་མེད་ཐག་བཅད་ནས་དགག་པ་ནི་ཁྲོན་པའི་སྦལ་པའི་དཔེ་ལས་མ་འདས། རྫོང་དེ་གཉིས་ཀྱི་ཁོངས་སུ་གཡེར་གཤོང་དགོན་པ་རེ་རེ་ཡོད་པ། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གི་མི་རིགས་དང་ཆོས་ལུགས་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པ། སྤྱི་ལོ ༡༩༩༠ ལོར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་སྐྲུན་བྱས་པའི། 《ཀན་མཚོའི་བོད་བརྒྱུད་ནང་བསྟན་དགོན་པ།》(甘青藏传佛教寺院)ཞེས་པའི་དེབ་དེའི་ཤོག་ངོས་༡༢༨ལ་གཟིགས་དང་། ཡ་རྫི་རྫོང་གི་གཡེར་གཤོང་དགོན་དང་། ཤོག་ངོས་༤༤༠པའི་ངོས་སུ་གཟིགས་དང་རེབ་གོང་རྫོང་གི་གཡེར་གཤོང་དགོན་པའི་ལོ་རྒྱུས་འཁོད་འདུག་པས་དེར་ཞིབ་གཟིགས་གནང་རོགས། །

དེའི་འོག་གི་གཡེར་གཤོང་དགོན་པ། འདེབས་མཁན་དང་འདེབས་ལོ་མི་གསལ། ད་ལྟར་མཚོ་སྔོན་རྨ་ལྷོ་ར་ཀོང་རྫོང་ཁོངས་སུ་ཡོད། ཅེས་པ་འདི་དངོས་གནས་ང་ཚོས་ཞུ་དག་སྐབས་དག་བཅོས་མ་ཐུབ་པའི་སྐྱོན་འདུག འདིའི་རིགས་རྣམས་ད་ལྟ་ལེགས་བཅོས་བྱེད་བཞིན་པའི་སྒང་ཡིན། འདིའི་བསམ་འཆར་བཏོན་པ་ལ་ཐུགས་རྗེ་ཆེ་ཞུ།

༢༽ ཡང་དགེ་འདུན་བསྟན་པས་སྐྱོན་དུ་མཐོང་བའི། སྟོད་ཆའི་ཤོག་གྲངས་༥༡༢ངོས། སྒོ་དམར་དགོན། འདེབས་མཁན། ཡེ་ཧྲི་ཅང་ཡིན་མིན་དང་། ཡེ་ཧྲི་ཅང་དེ་མི་རིགས་སུ་ཡིན་སྐོར་ལ་རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་གྱི་སྒོ་ནས་འགྲེལ་བཤད་མང་པོ་ཞིག་བྱས་འདུག་པར་དེ་ལ་གསལ་བཤད་གནང་འདོད་ཡོད་ན་ཐོག་མར་《ཀན་མཚོའི་བོད་བརྒྱུད་ནང་བསྟན་དགོན་པ》 ཞེས་པའི་དེབ་འདིར་ཞིབ་གཟིགས་གནང་རོགས། དེབ་འདིའི་ཤོག་ངོས ༤༣༧ པའི་ངོས་སུ། མ་དཔེ། 《安多政教史》记载藏历铁鸡年(疑为1741),叶什姜活佛于该寺建三层楼式弥勒殿 1,首创正月祈愿法会,成为该寺依怙。ཞེས་པའི་ལོ་རྒྱུས་འདི་ནི་ཁུངས་དག་ཏུ་མཐོང་སྟེ། ཞིབ་འཇུག་པ་ཁོ་ཚོས་ཀྱང་། 《མདོ་སྨད་ཆོས་འབྱུང》ལ་ལུང་ཁུངས་བྱས་འདུག དགག་བཞག་བྱ་དགོས་ན། ཐོག་མར་དཔེ་ཆ་མང་ཙམ་བཀླགས་ནས་གནད་དོན་མང་པོ་གསར་དུ་མཁྱེན་ཐུབ། 叶什姜ཞེས་པའི་མིང་ལ་དཔྱད་འདོད་ན། པེ་ཏུའུ་དྲྭ་རྒྱ་ཀློག་པ་ལས་དེའི་འབྱུང་ཁུངས་དངོས། 《མདོ་སྨད་ཆོས་འབྱུང》ལ་གཟིགས་ན་ལེགས།

༣༽ ཡང་དགེ་འདུན་བསྟན་པས་སྐྱོན་དུ་མཐོང་བའི། བར་ཆའི ༡༧༠༨ ལོར། མདོ་བ་བོན་རྒྱ་དགོན་པ། གྲུབ་མཐའ་བོན་པོ་ཡིན་ཀྱང་ཚིག་གཏེར་ནས་དགེ་ལུགས་ཡིན་ཟེར་བ། དེའི་ལན། དགོན་དེ་ད་ལྟ་གྲུབ་མཐའ་གང་ཡིན་ཁོ་བོས་དངོས་གནས་གསལ་པོར་མི་ཤེས། འོན་ཀྱང་དགོན་དེ་གྲུབ་མཐའ་དགེ་ལུགས་པ་ཡིན་པའི་དཔྱད་གཞི་ཡོང་ཁུངས《ཀན་མཚོའི་བོད་བརྒྱུད་ནང་བསྟན་དགོན་པ》 ཞེས་པའི་དེབ་འདིའི་ཤོག་ངོས ༤༥༤ པར། མ་ཡིག 多哇完加寺, 位于县治南偏西15公里处,在今曲库乎乡政府所在地多哇村北侧。相传建于明代万历年间,为隆务属寺,初为静房,后发展成一座小寺。ཞེས་སོགས་མདོ་བ་བོན་རྒྱ་དགོན་པའི་ལོ་རྒྱུས་ནང་དུ། དགོན་འདི་ཏཱ་མིང་ཝང་ལི་སྐབས་བཏབ་པ་དང་། ཐོག་མར་རོང་པོ་དགོན་ཆེན་པའི་མཚམས་ཁང་ཡིན་པ། དེ་རྗེས་དགོན་ཆུང་ཞིག་ཏུ་གྱུར་ཚུལ་སོགས་གསལ་པོ་བྲིས་འདུག ཁོ་བོས་ཕག་གྲུ་དུས་སུ་ཕྱག་བཏབ། གྲུབ་མཐའ་དགེ་ལུགས་པ་ཡིན་ཟེར་བའི་ཁུངས་གཏུགས་ས་ཡིག་ཆ་འདི་ཡིན། རོང་པོ་དགོན་ཆེན་དགེ་ལུགས་པ་ཡིན་ན། དེའི་ཁོངས་གཏོགས་ཀྱི་མཚམས་ཁང་ནི་དགེ་ལུགས་ཡིན་ངེས་པའི་རྒྱུ་མཚན་གྱིས་དེ་ལྟར་བྲིས་ཡོད།

            སྤྱིར་དེབ་འདིའི་ནང་ནོར་འཁྲུལ་གཏན་ནས་མི་སྲིད་པ་ཞིག་ག་ལ་ཡིན། འོན་ཀྱང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་འགྲོ་སོང་བཏང་ནས། ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གིས་མི་རིགས་དང་ཆོས་ལུགས་ཞིབ་འཇུག་ཁང་གིས་དུས་ཡུན་པོའི་ངང་དུ། མི་སྣ་རྩ་འཛུགས་དང་། དཔྱད་གཞི་འཚོལ་སྡུད་བྱས་ནས་བསྒྲིགས་པའི་དེབ་གཅིག་དང་། ཁྱོད་ཉིད་ལོ་རྒྱུས་རིག་པའི་རྒྱུན་ཤེས་ཙམ་ཡང་མེད་པའི་རི་མོ་བ་ཞིག་གི་མཐོང་ཐོས་གཉིས་བདེན་ཁུངས་གང་ཆེ་བསམ་བློ་ཞིག་གཏོང་རོགས་ཞུ།ཚིག་མཛོད་རྩོམ་སྒྲིག་བྱ་བ་ལ། དཔྱད་གཞི་ཡིག་རིགས་སུ་གང་འཁོད་བསྡུ་རུག་བྱ་དགོས་པ་ལས། མིང་ཚིག་རེ་རེའི་ཆེད་དུ་ཡུལ་སོ་སོར་འགྲོ་ནས་ཞིབ་འཇུག་བྱ་མི་དགོས་པ་ནི་འཇིག་རྟེན་འདིར་ཚིག་མཛོད་རྩོམ་སྒྲིག་པ་ཡོངས་ཀྱིས་མཁྱེན་གསལ་ལྟར་རེད། དེས་ན《ཚིག་གཏེར་རྒྱ་མཚོའི》ནང་དུ་འཁོད་པའི་མཚོ་སྔོན་ཕྱོགས་ཀྱི་དགོན་པ་རྣམས་ལ་ནོར་འཁྲུལ་འདུག་ན། ཁྱོད་ཀྱིས་དང་ཐོག《ཀན་མཚོའི་བོད་བརྒྱུད་ནང་བསྟན་དགོན་པ》ཞེས་པའི་དེབ་འདི་ལ་ལེགས་བཅོས་གནང་རོགས་ཞུ། །ཞེས་དགེ་འདུན་བསྟན་པས་སྐྱོན་དུ་མཐོང་བའི་གནད་དོན་རྣམས་ལ་མདོར་བསྡུས་པའི་འཁྲུལ་སེལ་གྱི་ལན་འདི། སྤྱི་ལོ ༢༠༡༤ ལོའི་ཟླ་བ ༡༢ པའི་ཚེས ༣༠ ཉིན། རྒྱ་ནག་པེ་ཅིང་གྲོང་གི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་རང་ཤག་ཏུ་འཁྲུལ་སེལ་གྱི་མཐའ་མ་འདི་སྤྲིངས་སོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1