ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཨ་མེ་རི་ཁ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ཀྱི་དོན་རྐྱེན་ལ་འབྲེལ་བ་མེད་པའི་ཚུལ་བསྟན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 04-14


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཕོ་བྲང་དཀར་པོའི་གསར་འགྱུར་དྲུང་ཡིག་ཕུའུ་སཱ་ཅི་ཡིས་ཚེས་བཅུ་གཉིས་ཉིན་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཨ་མེ་རི་ཁ་ཕྱོགས་དབྱི་ལིང་ནཱ་ཐན་ཙི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ལ་ཉེ་སྔོན་ཆག་སྐྱོན་བྱུང་བའི་དོན་རྐྱེན་ལ་འབྲེལ་བ་མེད་ཟེར། 
        ཕུའུ་སཱ་ཅི་ཡིས་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་དབྱི་ལིང་གི་ནཱ་ཐན་ཙི་ཉིང་རྡུལ་ནུས་པའི་སྒྲིག་ཆས་དོན་རྐྱེན་སྐོར་གྱི་གནས་ཚུལ་བསྒྲགས་པ་མཐོང་ཡོད། ཨ་མེ་རི་ཁ་ཕྱོགས་རྣམ་པ་གང་རུང་གིས་དེའི་ནང་ཞུགས་མེད་པ་དང་། དོན་རྐྱེན་དེའི་འབྱུང་རྐྱེན་དང་ཤུགས་རྐྱེན་ལའང་ཚོད་དཔག་བྱས་མྱོང་མེད། ཨ་མེ་རི་ཁ་ཕྱོགས་ཀྱིས་མིག་སྔར་ཨ་མེ་རི་ཁ་དང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་སླར་གསོ་བྱེད་པར་དོ་སྣང་བྱས་ཏེ། ཚེས་བཅུ་བཞི་ཉིན་ཝེ་ཡེ་ནཱ་ནས་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ་རྒྱུ་ཡིན་ཟེར། 
        དབྱི་སི་རལ་དུ་འཚམས་འདྲི་བྱེད་བཞིན་པའི་ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཨོ་སི་ཏེན་གྱིས་ཉིན་དེའི་སྔ་དྲོར་རྗེས་འདེད་ཀྱི་གསར་འགོད་པར་བསྟན་དོན། ཁོས་ཨ་མེ་རི་ཁ་ཕྱོགས་ཀྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གནད་དོན་ཐད་ནས་དབྱི་ལིང་བར་ཕྱི་ཕྱོགས་འབྲེལ་འདྲིས་བྱེད་པའི་བྱ་བར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། བྱ་བ་དེ་དག་རྒྱུན་འཁྱོངས་བྱེད་ངེས་ཡིན་ཟེར་ཡང་། ཁོས་ནཱ་ཐན་ཙི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ཀྱི་དོན་རྐྱེན་ཐད་ནས་དཔྱད་བརྗོད་མང་བོ་སྤེལ་མེད།
        ཟླ་འདིའི་ཚེས་བཅུ་གཅིག་ཉིན། དབྱི་ལིང་གི་ཉིང་རྡུལ་ནུས་པའི་རྩ་འཛུགས་ཀྱི་མགྲིན་ཚབ་པ་ཁཱ་མེད་ལེ་ཝན་ཏིས་ཀྱིས་བཤད་རྒྱུར། ནཱ་ཐན་ཙི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ཀྱི་གློག་ཤུགས་མ་ལག་ལ་ཉིན་དེར་ཆག་སྐྱོན་བྱུང་ཡང་། མི་སྣར་ཤི་རྨས་དང་འགྱེད་འཕྲོའི་སྦགས་བཙོག་བཟོས་མེད་ཟེར། ཚེས་བཅུ་གཉིས་ཉིན་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་ཡིས་དབྱི་སི་རལ་གྱིས་དོན་རྐྱེན་དེར་འགན་ཁུར་དགོས་པའི་སྐྱོན་འཛུགས་བྱས་པ་དང་། དབྱི་སི་རལ་ལ་འཁོན་ལན་སློག་སྲིད་པའི་ཚུལ་བསྟན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1