དཀར་མཛེས་ཁུལ་བརྒྱད་ཟུར་རྫོང་གི་ནགས་ཚལ་ཞིག་ལ་མེ་སྐྱོན་བྱུང་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས སྤེལ་དུས། 04-14




    ཚེས་10ཉིན་གསར་འགོད་པས་སི་ཁྲོན་དཀར་མཛེས་ཁུལ་བརྒྱད་ཟུར་རྫོང་ས་ལྔ་ལུང་ཡུལ་ཚོ་བོ་ལིང་གྲོང་ཚོའི་ནགས་ཚལ་མེ་སྐྱོན་གྱི་བཀོད་འདོམས་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན།རྫོང་དེའི་ས་ལྔ་ལུང་ཡུལ་ཚོ་བོ་ལིང་གྲོང་ཚོའི་ནགས་ཚལ་གྱི་མེ་གསོད་ལས་དོན་ཚན་རིག་དང་མཐུན་པའི་སྒོ་ནས་སྤེལ་སྒང་ཡིན་པ་རེད། 



    ཟླ་4ཚེས་8ཉིན་གྱི་ཆུ་ཚོད་17དང་སྐར་མ་43ཐོག་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བརྒྱད་ཟུར་རྫོང་ས་ལྔ་ལུང་ཡུལ་ཚོ་བོ་ལིང་གྲོང་ཚོའི་ནགས་ཚལ་ལ་མེ་སྐྱོན་ཤོར་བ་དང་།མེ་སྐྱོན་ཤོར་ཡུལ་དེའི་ས་བབ་ལ་མཚོ་ངོས་ལས་མཐོ་ཚད་སྨི་3400ཡོད་ཅིང་གནས་དེ་ནི་བྲག་རི་གཡང་གཟར་ཡིན་ལ།ནགས་ཤིང་གཙོ་བོ་ལ་རི་མཐོའི་གསོམ་སྡོང་དང་རི་མཐོའི་བེ་ཤིང་ཡོད་པ་རེད།



    མེ་སྐྱོན་བྱུང་བ་དེར་དཀར་མཛེས་ཁུལ་དང་བརྒྱད་ཟུར་རྫོང་གིས་མཐོང་ཆེན་ཆེན་པོ་བྱས་ནས་འཕྲལ་སྡོམ་སྔོན་ཇུས་ལག་བསྟར་བྱས་ཏེ།རོགས་སྐྱོབ་སྟོབས་ཤུགས་བསྡུ་རུབ་ཀྱིས་མེ་སྐྱོན་ཡུལ་དངོས་སུ་བསྐྱོད་ནས་མེ་སྐྱོན་གྱི་གནས་ཚུལ་་ལ་རྩད་ཞིབ་བྱས་པ་དང་།མེ་སྐྱོན་བྱུང་ཁུལ་དེ་གཡང་གཟར་དུ་གནས་ཤིང་ས་བབ་རྙོག་འཛིང་ཆེ་བ།ཉེ་འཁོར་དུ་ཆུ་འགོ་མེད་པ་བཅས་ཀྱི་དབང་གིས་གནས་སྐབས་སུ་མི་ཐབས་ལ་བརྟེན་ནས་མེ་གསོད་པའི་ལས་ཀའི་ཆ་རྐྱེན་འཛོམས་མེད་པ་རེད།

    གཞན་ཡང་དཀར་མཛེས་ཁུལ་གྱིས་བརྒྱད་ཟུར་རྫོང་གི་མེ་སྐྱོན་ཁུལ་གྱི་གཤམ་འོག་དང་ཉེ་འཁོར་ལ་བརྟག་དཔྱད་བྱས་ཏེ།གནོད་འཚེ་ཕོག་ངེས་པའི་མང་ཚོགས་ཁ་འགྲེམས་དང་གནས་སྐབས་བཀོད་སྒྲིག་གི་ལས་དོན་དུས་ཐོག་ཏུ་སྤེལ་ནས་མང་ཚོགས་ཀྱི་བདེ་འཇགས་ལ་འགན་ལེན་བྱེད་དགོས་པ་དང་།དཀར་མཛེས་ཁུལ་དང་བརྒྱད་ཟུར་རྫོང་གི་གནམ་གཤིས་སྡེ་ཚན་གྱིས་དུས་དང་རྣམ་པ་ཀུན་ཏུ་མེ་སྐྱོན་ཁུལ་གྱི་དྲོད་ཚད་དང་།རླུང་ཕྱོགས་དང་རླུང་ཤུགས།ཆར་པ་སོགས་ཀྱི་གནམ་གཤིས་ཆ་འཕྲིན་མཁོ་འདོན་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད། 

    ཟླ་4ཚེས་10ཉིན་གྱི་ཐོ་རེངས་ཆུ་ཚོད་5པར་ཆེད་ལས་པ་དང་ས་གནས་ཀྱི་རོགས་སྐྱོབ་པ་128མེ་སྐྱོན་ཤོར་ཡུལ་དུ་བསྐྱོད་དེ་མེ་གསོད་འགོ་བརྩམས་ཤིང་།རོགས་སྐྱོབ་མི་སྣས་མེ་སྐྱོན་ཤོར་ཡུལ་གྱི་བྱང་ཤར་ས་མཚམས་སུ་ཆུ་ལེན་ས་བཙུགས་ཤིང་།ཆུ་འཐེན་འཕྲུལ་འཁོར་32ལ་བརྟེན་ནས་མེ་གསོད་ལས་དོན་སྤེལ་བ་དང་། དོན་དངོས་ཀྱི་གནས་ཚུལ་དང་ཆུ་རླུང་ལ་བརྟག་ཞོར་མེ་གསོད་ཀྱི་ལས་དོན་སྒྲིག་འཛུགས་བྱས་པ་རེད། གཞན་ཡང་རོགས་སྐྱོབ་པ་235ཡོད་པ་དེ་དག་གིས་མེ་སྐྱོན་བྱུང་ཡུལ་གྱི་བྱང་ངོས་དང་ཤར་ངོས་གཞོགས་གཉིས་ཀྱི་རི་རྩེ་ནས་རི་གཤམ་དུ་བར་གཅོད་ཐག་པ་འཐེན་པ་དང་།ས་གནས་མང་ཚོགས་ཀྱི་འོས་འགན་མེ་གསོད་རུ་ཁག་གི་རུ་མི་110དེ་བར་གཅོད་ཐག་པ་འཐེན་པར་གཞོགས་འདེགས་སུ་བགོས་ནས་མེ་སྐྱོན་ཚབས་ཇེ་ཆེ་འགྲོ་བར་སྔོན་འགོག་བྱས་པ་རེད། 
    མིག་སྔར་མེ་གསོད་རོགས་སྐྱོབ་ཀྱི་ལས་དོན་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད་པ་དང་།མེ་སྐྱོན་འབྱུང་རྐྱེན་གྱི་སྐོར་ལ་ས་གནས་དེ་གའི་འབྲེལ་ཡོད་སྡེ་ཚན་གྱིས་བརྟག་དཔྱད་བྱེད་སྒང་ཡིན། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1