དབྱི་ལིང་གི་ཙུང་ཐུང་གིས་དབྱི་ལིང་དང་ཕཱ་ཁི་སི་ཐན་གྱིས་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་བྱེད་པར་གལ་འགངས་ཆེ་བའི་ཚུལ་བསྟན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 04-22



        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་ཚེས་ཉེར་གཅིག་ཉིན་བསྟན་དོན། དབྱི་ལིང་དང་ཕཱ་ཁི་སི་ཐན་གྱིས་བདེ་འཇགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་གལ་འགངས་ཧ་ཅང་ཆེ་ཟེར། 
        བསྒྲགས་པ་ལྟར་ན། ལུའུ་ཧཱ་ནེ་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་ཕཱ་ཁི་སི་ཐན་གྱི་ཕྱི་འབྲེལ་བློན་ཆེན་ཁུའུ་ལོས་ཞེ་ལ་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། བདེ་འཇགས་ནི་དབྱི་ལིང་དང་ཕཱ་ཁི་སི་ཐན་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ཡིན་པ་དང་། ཁྱབ་ཁོངས་དེའི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་གལ་འགངས་ཧ་ཅང་ཆེ། ཁྱད་པར་དུ་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་བདེ་འཇགས་ལ་ཤུགས་སྣོན་དགོས། དབྱི་ལིང་གིས་ཕཱ་ཁི་སི་ཐན་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཨ་ཧྥུའུ་ཧན་གྱི་ཞི་བདེའི་འཕེལ་རིམ་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར། 
        ལུའུ་ཧཱ་ནེ་ཡིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱིས་ད་རུང་ཉོ་ཚོང་དང་ནུས་ཁུངས། མཐའ་མཚམས་ཚོང་ར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལའང་ཤུགས་སྣོན་བྱེད་དགོས་པ་དང་། བཀོད་ཟིན་པའི་མཉམ་ལས་གྲོས་མཐུན་དངོས་འབེབ་བྱེད་དགོས་ཟེར། 
        ཁུའུ་ལོས་ཞེ་ཡིས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་མཛའ་མཐུན་ལྡན་པས་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པ་དང་། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་སོགས་ཁྱབ་ཁོངས་ནས་རྣམ་པ་གསར་བ་འབྱུང་སྲིད་ཟེར། 
        ཁོས་བསྟན་དོན། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་དབྱི་ལིང་གིས་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མཐུན་ལ་སྲུང་སྐྱོབ་བྱེད་པའི་ཐད་བསྒྲུབས་པའི་བྱ་བར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར། 
        ཉིན་དེར་ཁུའུ་ལོས་ཞེ་དང་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་གཉིས་ཀྱིས་མཉམ་དུ་བཟོད་སྒོམ་བརྗེད་ཐོ་ཞིག་བཀོད་དེ། ཕྱོགས་གཉིས་ཀྱིས་མཉམ་འབྲེལ་གྱིས་མཐའ་མཚམས་ཚོང་ར་འཛུགས་པ་དང་རྒྱལ་ཁབ་གཉིས་ཀྱི་རྒྱལ་ཁོངས་བརྒལ་བའི་དཔལ་འབྱོར་ཉོ་ཚོང་གི་འགྲོ་འོང་ལ་ཤུགས་སྣོན་བྱེད་པར་ཡིད་འཐད་བྱུང་། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1