མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཕཱ་ཁི་སི་ཐན་གྱི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 04-26


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་ཉེར་བཞི་ཉིན་གསལ་སྒྲོག་སྤེལ་ཏེ། ཁ་ཚིག་དྲག་པོས་ཚེས་ཉེར་གཅིག་ཉིན་ཕཱ་ཁི་སི་ཐན་ནས་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་བཏང་བར་མ་ཟད། འདས་པོའི་ཁྱིམ་མི་དང་ཕཱ་ཁི་སི་ཐན་སྲིད་གཞུང་ལ་འཚམས་འདྲི་ཞུས། 
        གསལ་སྒྲོག་ལས་ནན་གྱིས་བསྟན་དོན། ངེས་པར་དུ་རིགས་དེ་མཚུངས་ཀྱི་འཇིགས་སྐུལ་རིང་ལུགས་བྱ་སྤྱོད་ཀྱི་ལག་བསྟར་མཁན་དང་རྩ་འཛུགས་མཁན། མ་དངུལ་གྱི་རོགས་སྐྱོར་མཁན། དེའི་རྒྱབ་སྐྱོར་མཁན་བཅས་ཁྲིམས་ལ་སྦྱོར་དགོས་ཟེར། གསལ་སྒྲོག་ལས་རྒྱལ་ཁབ་ཚང་མས་རྒྱལ་སྤྱིའི་བཅའ་ཁྲིམས་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ལས་གཏན་འཁེལ་བྱས་པའི་འོས་འགན་ལྟར་དུ་ཕཱ་ཁི་སི་ཐན་དང་འབྲེལ་ཡོད་ཀྱི་ཕྱོགས་གཞན་པའི་བར་མཉམ་ལས་གང་ལེགས་བྱེད་དགོས་པའི་སྐུལ་མ་བཏང་། 
        གསལ་སྒྲོག་ལས་བསྐྱར་སྒྲོག་བྱས་དོན། འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་གང་རུང་གི་དམིགས་ཡུལ་ཅི་ཡིན་པ་དང་། ཡུལ་དུས་གང་རུང་ནས་མི་གང་ལ་དམིགས་པ་ཡིན་ཡང་ལུགས་མེད་ཀྱི་ནག་ཉེས་བྱ་སྤྱོད་ཡིན། རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ཀྱིས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་འཇིགས་ཉེན་ཚབས་ཆེན་ཐེབས་སྲིད་པས། རྒྱལ་ཁབ་ཚང་མས་ངེས་པར་དུ་ནུས་པ་གང་ཡོད་ཀྱིས་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་ལས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་འཇིགས་ཉེན་བཟོ་བར་བཀག་འགོག་བྱེད་དགོས་ཟེར། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1