ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ལ་གཙོ་སྐྱོང་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 04-29


        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྤྱི་ཟླ་4ཚེས་27ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། རྫོང་ཁོངས་ཀྱི་ཚོང་ལས་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་འཁོར་རྒྱུག་ཤར་གཏོང་དང་ཞིང་པའི་ཡོང་འབབ་དང་གྲོང་གསེབ་ཀྱི་འཛད་སྤྱོད་གཉིས་ཀ་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། ཤེས་བྱའི་ཐོན་དབང་ཁྱབ་ཁོངས་ཀྱི་གློད་སྡོམ་ཞབས་གསུམ་གྱི་སྒྱུར་བཅོས་བྱ་ཐབས་གསར་པ་གཏན་འཁེལ་བྱས་ནས་ལས་སྐྲུན་དང་བྱ་གཞག་གསར་གཏོད་དེ་བས་སྟབས་བདེ་ཡོང་བ་བྱས་ཐོག ཁྲོམ་རའི་གཙོ་གཟུགས་ཀྱི་གསར་གཏོད་གསོན་ཤུགས་འཕེལ་བ་བྱེད་པ། ལྔ་གཅིག་གུང་གསེང་རིང་གི་རིམས་ནད་སྔོན་འགོག་ཚོད་འཛིན་དང་བདེ་འཇགས་ཐོན་སྐྱེད་སོགས་ཀྱི་ལས་དོན་བཀོད་སྒྲིག་ཡག་པོ་བྱེད་དགོས་པ་བཅས་ཀྱི་བཀོད་སྒྲིག་གནང་ཡོད་པ་རེད། 
        གྲོས་ཚོགས་ཐོག ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་གཞིར་བཟུང་། རྫོང་ཁོངས་ཀྱི་འཛད་སྤྱོད་ཁོར་ཡུག་ལེགས་སུ་གཏོང་བ་དང་གྲོང་གསེབ་ཀྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་ནི་ནང་མཁོ་སྐུལ་འདེད་དང་གྲོང་གསེབ་དར་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པས། མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད་ཅེས་བསྟན་འདུག
        གྲོས་ཚོགས་ཐོག ཤེས་བྱའི་ཐོན་དབང་ཁྱབ་ཁོངས་ཀྱི་གློད་སྡོམ་ཞབས་གསུམ་གྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་གསར་གཏོད་ཀྱི་སྒུལ་ཤུགས་དང་གསོན་ཤུགས་འདོན་སྤེལ་སྔར་ལས་ཆེ་བ་བྱེད་དགོས་ཞེས་བསྟན་འདུག
        ཉེ་དུས་འཛམ་གླིང་གི་རིམས་ནད་དུས་བབ་ལ་རྙོག་འཛིང་ཆེ་ཞིང་ཛ་དྲག་ཆེ་བའི་གནས་ཚུལ་གསར་པ་ཐོན་པ་དང་། ལྔ་གཅིག་ངལ་གསོའི་རིང་མི་སྣ་རུབ་འདུས་ཀྱིས་འགྲོ་འོང་བྱེད་པར་དམིགས་ཏེ། གྲོས་ཚོགས་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་འཛིན་ལམ་སྲོལ་གྱི་བྱ་ཐབས་འཐུས་ཚང་དུ་བཏང་སྟེ་ས་གནས་ཁག་དང་སྡེ་ཚན་ཁག་གིས་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱེད་པ་དང་། དེ་སྔའི་སྤྱོད་གོ་ཆོད་པའི་བྱེད་སྟངས་དཔྱད་གཞིར་འཛིན་པ། གུང་གསེང་རིང་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུར་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བ། རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་བྱ་ཐབས་དོན་འཁྱོལ་ནན་པོ་བཅས་བྱས་ཏེ་འགྲུལ་ཞུད་ལ་ཚོད་འཛིན་དང་། སྔོན་མངགས་བྱེད་པ།  མི་ཚོགས་མང་བའི་དུས་ལས་གཡོལ་བ་སོགས་ཀྱི་བྱ་ཐབས་བཟུང་བ་དང་། དུས་མཚུངས་སུ་ས་གནས་ཁག་གིས་འགྲིམ་འགྲུལ་དང་ཐོན་སྐྱེད་སོགས་ཁྱབ་ཁོངས་ཁག་གི་བདེ་འཇགས་ལས་དོན་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1