དྲྭ་གྲགས་ཅུས་ཀྲང་གིས5.1གུང་གསེང་རིང་གི་གནས་ཚུལ་ངོ་སྤྲད་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 05-08



     སྤྱི་ཚེས5ཉིན་གསར་འགོད་པས་ཁུལ་གུང་གསེང་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་དོན། ད་ལོའི5.1གུང་གསེང་གི་རིང་ལ་ཁུལ་ཡོངས་ཀྱི་ཡུལ་སྐོར་ཁྲོམ་ར་བདེ་འཇགས་དང་གོ་རིམ་ལྡན་པ། སྤྱི་ཚོགས་ཀྱི་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་བྱུང་ཡོད་པ་རེད། ཚེས5ཉིན་གྱི་ཕྱི་དྲོའི་ཆུ་ཚོད14བར་དུ་རང་ཁུལ་གྱིས་ཡུལ་སྐོར་བ་མིའི་ཐེངས་གྲངས་ཁྲི114.62ལ་སྣེ་ལེན་བྱས་ཤིང་། ཡོང་འབབ་སྒོར་དུང་ཕྱུར12.61ཟིན་ཡོད་ལ། 2020ལོའི་དུས་མཚུངས་ལས158.56%དང158.56%སོ་སོར་འཕར་ཡོད། རང་ཁུལ་གྱིAརིམ་པའི་མཛེས་ལྗོངས་ཁུལ64ཡིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མིའི་ཐེངས་གྲངས་ཁྲི57.74ལ་སྣེ་ལེན་བྱས་པ་དང་། རིམ་རྩིས་བྱས་ན་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་ཡོང་འབབ་སྒོར་ཁྲི1165.53ཟིན་པ་དེ་དུས་མཚུངས་ལས276.16%དང84.26%སོ་སོར་འཕར་ཡོད་པ་རེད།
     ཁུལ་རིག་གནས་རྒྱང་སྒྲོག་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། 5.1གུང་གསེང་རིང་ལ། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་འགག་སྒྲོལ་གྱི་རྣམ་པ་དང་དཔའ་ངར་ཆེར་བསྐྱེད་ཀྱི་སྙིང་སྟོབས་ལ་བརྟེན། ངལ་དུབ་ལ་མི་སྐྲག་པར་བསྟུད་མར་ལས་གནས་བརྟན་སྲུང་དང་རྒྱུན་གཏན་ལས་བརྒལ་བ་བྱས་ནས་ཞབས་ཞུ་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཡུལ་སྐོར་ལ་ཁྲིད་སྟོན་དང་ནད་ཡམས་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་བྱས་པ་དང་། བདེ་འཇགས་ཐོན་སྐྱེད་ལས་དོན་བཀོད་སྒྲིག་ནན་པོ་བྱས་ནས། གུང་གསེང་གི་རིག་གནས་ཡུལ་སྐོར་ཁྲོམ་ར་སྒྲིག་ལམ་ལྡན་པ་བཅས་འགན་ལེན་བྱས་པར་མ་ཟད། ད་དུང་ཀྲུང་དབྱང་དང་། ཞིང་ཆེན། ཁུལ་ཨུ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་དཀར་མཛེས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

     དེའི་ནང་ཁུལ་དང་རྫོང(གྲོང་ཁྱེར)རིམ་པ་གཉིས་ཀྱི་རིག་གནས་ཡུལ་སྐོར་སྡེ་ཚན་གྱིས་རང་འདུན་པ1800ལྷག་ཙམ་རྩ་འཛུགས་བྱས་ནས་བློ་འདྲིའི་ཞབས་ཞུའི་ས་ཚིགས300ལྷག་ཙམ་བཙུགས་པ་དང་། རིགས་ཁག་གི་དྲིལ་བསྒྲགས་དཔྱད་ཡིག27850ལྷག་ཙམ་སྤྲད། དྲིལ་བསྒྲགས་དྲན་སྐུལ་ཤོག་ངོས7512སྦྱར་བ་དང་། ཡུལ་སྐོར་ཞུ་གཏུག་ཁག9བདག་སྤྲོད་བྱས་པ་དེ་ཐག་གཅོད་བྱས་ཤིང་།  ཐག་གཅོད་བྱེད་ཚད100%ཟིན་པ་བཅས་རེད།

     ཤེས་རྟོགས་བྱུང་བར་གཞིགས་ན། ཁུལ་ཡོངས་ཀྱི་ས་གནས་ཁག་གི་ཡུལ་སྐོར་ཁྲོམ་རར་གཤམ་གསལ་གྱི་ཁྱད་ཆོས་མངོན་པ་སྟེ། གཅིག་ནི་ཡུལ་སྐོར་བའི་དགོས་མཁོ་ཆེ་རུ་ཕྱིན་ཡོད། གཡག་མདོ་མྱུར་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པ་དང་། སི་ཁྲོན་ནུབ་རྒྱུད་དུ་ཡུལ་སྐོར་དུ་སྐྱོད་པའི་མྱུར་ཚད་མགྱོགས་སུ་ཕྱིན། དུས་ཆེན་དང་ངལ་གསོའི་དུས་ཚོད་ནང་མྱུར་ལམ་དུ་རིན་མེད་ངང་བསྐྱོད་ཆོག་པ་སོགས་ཀྱི་རྒྱུ་རྐྱེན་དང་བསྟུན་ནས་འཁོར་གཏོང་ལྗོངས་རྒྱུའི་དཀར་མཛེས་ནི་རང་ཁུལ་གྱི་ངལ་གསོའི་ཡུལ་སྐོར་འཛད་སྤྱོད་བྱེད་མཁན་གཙོ་བོར་གྱུར་ནས་ཡུལ་སྐོར་བ་ལོ་གོང་མ་ལས་མང་དུ་ཕྱིན་པ་དང་། གཉིས་ནི་ད་ལོའི5.1ངལ་གསོའི་དུས་ཚོད་རིང་བ་དང་ཡུལ་སྐོར་བ་རྒྱུན་གཏན་ལས་མང་བ། གསུམ་ནི་ཡུལ་སྐོར་བ་ཞག་སྡོད་བྱེད་ཚད་ཆེས་ཆེར་འཕར་ནས་རྫོང(གྲོང་ཁྱེར)ཁག་གིས་ཡུལ་སྐོར་བ་ཁག་བགོས་བཀོད་སྒྲིག་གི་བྱ་ཐབས་སྤེལ་བ། བཞི་ནི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་ནི་སྔར་བཞིན་གཙོ་གནད་ལས་དོན་ཞིག་ཡིན་ཞིང་། ཁུལ་ཡོངས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་བླང་བྱ་ལག་བསྟར་ནན་པོ་བྱས་ནས5.1ངལ་གསོའི་རིང་གི་ཡུལ་སྐོར་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཤིང་། མིག་སྔར་ཁུལ་ཡོངས་ཀྱི་རིམས་ནད་བྱུང་ཚུལ་རྒྱུན་གཏན་དང་མི་འདྲ་བའི་གནས་ཚུལ་མེད་པ། ལྔ་ནས་ཁུལ་ཡོངས་ཀྱིསAརིམ་པའི་མཛེས་ལྗོངས་ཁུལ་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་དོན་འཁྱོལ་བྱས་ནས་མེ་ཁུངས་དོ་དམ་ཚོད་འཛིན་གྱི་བྱ་ཐབས་ལ་ཤུགས་སྣོན་རྒྱག་པ་དང་། ཡུལ་སྐོར་བས་མེ་ཆ་བཟུང་ནས་མཛེས་ལྗོངས་ཁུལ་དུ་བསྐྱོད་རྒྱུ་གཏན་འགོག་བྱས་ཤིང་། སྐོར་ཞིབ་དང་དོ་དམ་ཚོད་འཛིན་བྱ་ཤུགས་ཆེ་རུ་བཏང་ནསAརིམ་པའི་མཛེས་ལྗོངས་ཁུལ་བདེ་འཇགས་འགན་ལེན་བྱེད་པ། དྲུག་ནི་འཁོར་གཏོང་ལྗོངས་རྒྱུ། རང་མོས་ལྗོངས་རྒྱུ། དམངས་སྲོལ་ལྗོངས་རྒྱུ། ཕ་ཡུལ་དུ་ལོག་ནས་འཁོར་ཞག་ལ་འགྲོ་བ་སོགས་ནི་གུང་གསེང་རིང་གི་ཡུལ་སྐོར་བྱེད་སྟངས་གཙོ་བོ་ཡིན་པ་དང་གྲོང་གསེབ་ཀྱི་ཡུལ་སྐོར་ཐོན་རྫས་ལ་རྒྱ་ཆེའི་ཡུལ་སྐོར་བའི་དགའ་བསུ་ཐོབ་པ། བདུན་ནས་གསར་བརྗེའི་ཡུལ་སྐོར་ལམ་ཐིག་གསུམ་བཏོད་ནས་གསར་བརྗེའི་དྲན་གསོ་ཁང་ཚང་མ་རིན་མེད་ངང་སྒོ་ཕྱེ་བའི་ནང་ལྕགས་ཟམ་ཁའི་རྒྱལ་ཁབ་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོང་ཁང་དུ་ཡུལ་སྐོར་བའི་འཁྲུག་ཆ་དོད་པོ་བྱུང་བ་བཅས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1