༄༅།། སླེབས་རི་བང་སོ།

རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 05-18


 སླེབས་རི་བང་སོའི་ཚོགས་དེ་ཀོང་པོ་ས་ཁུལ་སྣང་རྫོང་སྐྱེམ་སྟོང་ཤང་གི་ཁོངས་སུ་ཡོད་ལ། རྒྱ་མཚོའི་ངོས་ནས་མཐོ་ཚད་སྤྱི་ཁྲེ་སུམ་སྟོང་ཉིས་བརྒྱ་ཡན་ཟིན་ཡོད་པ་དང་། རྫོང་མཁར་དང་བར་ཐག་སྤྱི་ལེ48ཡོད། དེ་ནི་ད་སྔའི་བར་བོད་ཀྱི་ས་ཆ་ཁག་ནས་གནའ་རྫས་རྟོག་དཔྱོད་པས་རྙེད་པའི་ཆེས་རྒྱ་ཆེ་བ་དང་། གཏོར་སྐྱོན་ཐེབས་ཚད་ཆེས་ཉུང་བའི་གནའ་བོའི་བང་སོའི་ཚོགས་ཤིག་རེད། སླེབས་རི་བྱང་ནས་ལྷོ་རུ་བརྟན་ཤིག་གེར་འགྱིང་ཡོད་ལ། བང་སོའི་ཚོགས་ནི་རི་བོའི་མདུན་ཕྱོགས་ཀྱི་ཁུག་སྟེམས་གཉིས་སུ་ཆགས་ཡོད། དེ་ཤར་ཁུལ་དང་ནུབ་ཁུལ་གཉིས་སུ་བགོས་ནས་གྲུབ། མང་ཆེས་ཤོས་ཤར་ཁུལ་གྱི་ཕྱོགས་སུ་གནས། བསྡོམས་རྩིས་བྱས་པ་ལྟར་ན། ཁྱོན་བསྡོམས་བང་སོ200ལྷག་རི་རྒྱུད་འདིའི་ཆགས་དབྱིབས་དང་བསྟུན་ནས་ཐེམས་སྐས་ཀྱི་བང་རིམ་བཞིན་བརྩེགས་ཡོད། བང་སོའི་ཚོགས་ཀྱི་རྒྱབ་རི་མཐོ་ཞིང་བརྗིད་ལ། མདུན་ཕྱོགས་སུ་སྐྱེམས་སྟོང་ཆུ་ཀླུང་ལྷང་ལྷང་དུ་ཡར་ཀླུང་གཙང་པོ་འཐེན་ནས་འབབ་བཞིན་འདུག བང་སོའི་ཚོགས་ཀྱི་ཤར་རྒྱུད་དུ་ཁང་པ་ཪྙིང་པའི་ཤུལ་དང་། ཆོས་ཀྱི་ཆོ་ག་སྒྲུབ་སའི་ཤུལ་མངོན་གསལ་དུ་གནས། ཡིད་ཕངས་པ་ཞིག་ལ་སྔོན་ཆད་འདི་ན་རྡོ་རིང་ཞིག་ཡོད་མོད། ད་ལྟ་རྨང་རྡོ་ལས་མཐོང་རྒྱུ་ཅི་ཡང་མེད། གྲོང་མི་ཚོས་བཤད་པ་ལྟར་ན་རྡོ་རིང་འདི་དུས་རབས20བའི་ལོ་རབས40ཡས་མས་སུ་འཇིག་པ་རེད་ཟེར། གང་ལྟར། ད་ལྟའི་བར་བོད་ཀྱི་མེས་པོ་ཚོས་བང་སོ་བརྩིགས་པའི་རིག་ལམ་གྱི་ཡིག་ཆ་ཅི་ཡང་མཐོང་རྒྱུ་མེད་པས། སླེབས་རིའི་ས་ཆ་འདི་བོད་མི་མང་ཆེ་བར་མཚོན་ད་དུང་གསང་བ་ཞིག་ཡིན་ལ། ཕལ་ཆེར་གོ་ཐོས་ཙམ་ཡང་ཡོད་མེད་གསལ་པོ་མེད། ས་ཆ་འདི་ཆེད་ལས་ཞིབ་འཇུག་པའི་མིག་ལམ་དུ་ཐོག་མར་ཤར་དུས་ནི་དུས་རབས20བའི་ལོ་རབས80བ་སྟེ།1982ལོར་བོད་ལྗོངས་རིག་དངོས་ཅུས་ཀྱི་སྐུ་ཞབས་བསོད་ནམས་དབང་འདུས་སོགས་ཀྱིས་བང་སོའི་ཚོགས་འདིའི་རིན་ཐང་ལ་ངོས་འཛིན་གསར་དུ་བྱས་ཤིང་། དུས་དེབ་ཀྱི་སྟེང་དུ་བོད་ཡིག་གི་ལམ་ནས་བང་སོའི་ཚོགས་འདིའི་གནས་ཚུལ་རགས་བསྡུས་སུ་ངོ་སྤྲོད་བྱས་རྗེས། འབྲེལ་ཡོད་ཞིབ་འཇུག་ཚན་ཁག་མང་པོ་ཞིག་གིས་སྔ་ཆད་ཕྱི་མཐུད་དུ་ཞིབ་འཇུག་གི་གནས་ཚུལ་བསྒྲགས་ཤིང་། ཚང་མས་མཇུག་བསྡོམས་བྱས་པ་ནི་བོད་ཀྱི་བཙན་པོའི་དུས་རིམ་གྱི་རིམ་པ་མཐོ་བའི་མི་དྲག་སྐུ་དྲག་གང་རུང་གི་བང་སོ་ཡིན་པ་རེད་ཅེས་གསལ་བསྒྲགས་བྱས་ཡོད།  རྒན་བསོད་ནམས་དབང་འདུས་ཀྱིས་བཀོད་པ་ལྟར་ན། ད་ཡོད་རྟོག་ཞིབ་ཀྱི་དཔྱད་གཞིར་གཞིགས་ན་སླེབས་རིའི་བང་སོ་མང་ཆེ་བ་ས་རྡོ་ཤིང་གསུམ་ལས་གྲུབ་པ་དང་། སྐྲུན་ཐབས་ཐད་དོང་བྲུས་བང་སོའི་རིགས་སུ་གཏོགས། འོན་ཀྱང་སླེབས་རིའི་བང་སོར་ང་ཚོས་ད་ཕན་ནང་སའི་ཡུལ་གྲུ་གང་སར་མཐོང་མྱོང་བའི་དོང་བྲུས་བང་སོ་དང་མི་འདྲ་བའི་མི་རིགས་སམ་ས་གནས་རང་བཞིན་གྱི་དམིགས་བསལ་གྱི་ཁྱད་ཆོས་ཤས་ཆེར་ལྡན། དུར་ཁང་སྔོག་འབྲུ་བྱས་ནས་དུར་རྫས་བོར་བརླག་སོང་བའི་བང་སོ་ཁག་ལ་ང་ཚོས་བལྟ་ཞིབ་བྱས་པ་དང་ལྷག་པར་དུ་བཟོ་དབྱིབས་མི་འདྲ་བའི་བང་སོ་ཆུང་གྲས་ཁག་བཞི་ལ་ཚོད་ལྟའི་སྔོག་འདོན་བྱས་པ་བཅས་ལ་མཚོན་ན་བང་སོ་སྟེང་འོག་རིམ་པ་གཉིས་སུ་དབྱེ་ཆོག་པའི་སྟེང་མ་ནི་ཁོད་སྙོམས་པའི་ས་ངོས་ཕྱོགས་བཞིར་གྱང་བསླངས་པའི་ནང་ས་རྡོ་བརྒྱངས་ནས་དེའི་འོག་ཏུ་པུར་ཁང་ཡོད་པ་དང་། པུར་ཁང་དེ་རིགས་མང་ཆེ་བ་གྲུ་བཞི་ནར་མོའི་དབྱིབས་ཅན་ཡིན་ཞིང་། རྩིག་པའི་ཁོག་དང་ཡང་ན་ཟུར་བཞིར་ཤུག་པའི་ཀ་བ་བསླངས་པའི་ཐོག་གདུང་མ་བཀལ་ཡོད་པ་མ་ཟད། པུར་ཁང་གི་ས་ངོས་དང་པུར་སྒྲོམ་གྱི་ཕྱི་ནང་གང་སར་ངོས་སྙོམ་ལ་སྲ་ཞིང་མཁྲེགས་པའི་ཨར་ཀ་མཐུག་པོ་བཏིང་འདུག གཞན་ཡང་པུར་ཁང་ལ་སྒོ་དང་། ཐེམ་པ། རྡོ་སྐས་སོགས་ཡོད་པ་ནི་བཀོད་པ་ཁང་ཁྱིམ་དང་མཚུངས་པར་འདུག  པུར་སྒྲོམ་ནི་མགོ་མཇུག་དང་། གཡས་གཡོན། ཁེབས་བཅས་ལས་སྣོན་གྱིས་བཟོ་ལྟ་བཏོན་པའི་རྡོ་གཡམ་ཆེན་པོ་ལྔ་ལས་གྲུབ་པ་དང་། པུར་སྒྲོམ་གྱི་སྤྱིར་བཏང་རིང་ཚད་ལ་སྤྱི་ཁྲེ་གང་ཙམ་དང་། ཞེང་ཚད་སྤྱི་སྐར་ལྔ་བཅུ་ང་ལྔ། མཐོ་ཚད་སྤྱི་སྐར་བཞི་བཅུ་ཞེ་ལྔ། རྡོ་གཡམ་གྱི་མཐུག་ཚད་སྤྱི་སྐར་ལྔ་ཙམ་བཅས་འདུག པུར་སྒྲོམ་གྱི་རིང་ཚད་ལ་དཔགས་ན་གཤིན་པོའི་ཡན་ལག་བསྐུམས་ནས་སྦ་བའི་དུར་འཇུག་བྱེད་ལུགས་མངོན་པ་དང་པུར་སྒྲོམ་ནང་རུལ་སྐྱོན་ཡོང་རྒྱུ་འགོག་ཆེད་བླུགས་པའི་སོལ་བ་རྡོག་པོ་མང་ཙམ་མཐོང་རྒྱུ་འདུག བང་སོ་ཟླུམ་དབྱིབས་ཅན་ནི་གྲུ་བཞི་ཅན་དང་མི་འདྲ་བར་པུར་ཁང་གི་ཐོག་ཁེབས་ལ་རྡོ་གཡམ་བསྒྲིགས་པའི་སྟེང་ཨར་ཀ་བཏིང་ནས་ཡོད་སྟབས་སྟེང་འོག་གི་ཁྱད་པར་གསལ་པོར་མངོན་པ་དང་། པུར་ཁང་གི་རྩིག་པ་རྡོ་གཡམ་ཞེ་ཅིག་བརྩིགས་ནས་རིམ་བཞིན་འཐེན་བརྒྱབ་སྟེ་སྒོག་ཕོར་ཁ་སྦུབས་པའི་བཟོ་དབྱིབས་ལྟར་དུ་བསྐྲུན་ཡོད་ཅིང་། མཐིལ་གྱི་ཚངས་ཐིག་ལ་སྤྱི་ཁྲེ་གཉིས་དང་སྤྱི་སྐར་ཉི་ཤུ་རྩ་ལྔ། མཐོ་ཚད་སྤྱི་ཁྲེ་གཅིག་དང་སྤྱི་སྐར་ཉི་ཤུ་ཙམ་ལས་མེད་ལ་སྤྱིར་བཏང་དུ་བང་སོ་དེ་རིགས་ལ་པུར་སྒྲོམ་ཡང་མེད་པར་སྣང་།    བང་སོའི་ཕྱི་དབྱིབས་མི་འདྲ་བར་གཞིགས་ཏེ་པུར་ཁང་གི་བཟོ་དབྱིབས་ཀྱང་འདྲ་མིན་ཡོད་རུང་པུར་ཁང་སྟེང་གི་ཕྱོགས་བཞིར་གྱང་བསླངས་ནས་དེའི་ནང་ས་རྡོ་བརྒྱངས་ཏེ་འོག་གི་པུར་ཁང་འགེབས་པར་བྱེད་པའི་ཐབས་ནི་བང་སོ་མཐའ་དག་གཅིག་མཚུངས་ཡིན་ཞིང་། སྟེང་གི་ཕྱོགས་བཞིར་རྩིག་པ་དེར་ཡང་ཕྱི་ནང་གཉིས་སུ་ཡོད་པ་ནི་ཕྱི་གྱང་དང་ནང་རྡོ་རྩིག་བསླངས་ནས་འདུག ད་དུང་བང་སོ་ཆེ་གྲས་མང་ཆེ་བའི་གྱང་རིམ་ལ་རྡོ་གཡམ་རིམ་པ་མང་པོ་བཏིང་ཡོད་ཅིང་། མང་བར་རིམ་པ་བཅུ་དང་། ཉུང་བར་ལྔ་ནས་བདུན་བར་འདུག མདོར་ན། བང་སོའི་ཚོགས་ལ་རྒྱང་ལྟ་བྱེད་སྐབས་དེ་ནི་གནའ་བོའི་འཛུགས་སྐྲུན་དངོས་པའི་རྗེས་ཤུལ་ཡིན་པ་ལས་གནའ་རབས་ཀྱི་བང་སོའི་ཚོགས་ཡིན་པའི་ངོས་འཛིན་ཐུབ་པ་དཀའ་མོད། ནུབ་ངོས་ཀྱི་གད་སྟེགས་ཐོག་རྡོ་རྩིག་བསྐོར་བའི་སྐས་ཞིང་གི་རྗེས་ཤུལ་ཡང་མཐོང་རྒྱུ་ཡོད་པ་བཅས་ནི་བོད་ཀྱི་ལོ་རྒྱུས་ཡིག་ལམ་དག་ཏུ་གསལ་བའི་སྔར་བཙན་པོའི་དུས་སྐབས་ཀྱི་དུར་སྲུང་སྡོད་ཁང་དང་སྐས་ཞིང་བཏབ་པའི་རྗེས་ཤུལ་ཡིན་པར་སེམས། སླེབས་རིའི་བང་སོའི་ཚོགས་ནི་ད་ཕན་ཤེས་རྟོགས་ཟིན་པའི་བོད་ལྗོངས་ཀྱི་གནའ་རབས་བང་སོའི་ཚོགས་ཀྱི་ནང་ནས་གཞི་རྒྱ་ཆེ་ཤོས་དང་། བཟོ་དབྱིབས་རྣམ་མང་ལྡན་པ། ཕྱིའི་བཀོད་པ་ཅ་ལག་ཚང་ཤོས་བཅས་ཡིན་པས། ཆབ་མདོའི་རྡོ་ཆས་གསར་མའི་དུས་རབས་ཀྱི་གནས་ཤུལ་ཁ་རུབ་དང་འདྲ་བར་གནའ་བོའི་སྤྱི་ཚོགས་ཀྱི་ལམ་ལུགས་དང་། བསམ་པའི་འདུ་ཤེས། ཐོན་སྐྱེད་ཀྱི་ནུས་པ། རིག་གནས་དང་ལག་རྩལ་གྱི་ཆུ་ཚད་སོགས་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་རྒྱུར་རྩ་འགངས་ཆེ་བའི་དངོས་པོའི་དཔྱད་གཞི་མཁོ་འདོན་ཐུབ་ངེས་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1