བོད་ལྗོངས་ཀྱིས་དབྱར་རྩྭ་དགུན་འབུ་རྫུན་མ་ཁེ་625.6ཞིབ་བཤེར་བཀག་སྡོམ་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-18



   ཚེས་14ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་དང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་བཅས་སྡེ་ཁག་དང་མཉམ་འབྲེལ་བྱས་ནས། བོད་རང་སྐྱོང་ལྗོངས་ཀྱི་དབྱར་རྩྭ་དགུན་འབུ་ཉོ་ཚོང་ཁྲོམ་ར་ལ་མཉམ་འབྲེལ་ཁྲིམས་བསྟར་ཞིབ་བཤེར་བྱས་པ་རེད།

   བོད་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་དོན། ཉེ་ཆར། ལྷ་ས་གྲོང་ཁྱེར་དང་། ཆབ་མདོ་གྲོང་ཁྱེར། ནག་ཆུ་གྲོང་ཁྱེར་སོགས་ཀྱི་དབྱར་རྩྭ་དགུན་འབུའི་ཁྲོམ་རར་མིས་འདེབས་འཛུགས་བྱས་པའི་དབྱར་རྩྭ་དགུན་འབུས་རང་བྱུང་གི་དབྱར་རྩྭ་དགུན་འབུ་ལ་རྫུས་པའི་རྣམ་པ་ཆད་མེད་བྱུང་ནས། ཁྲོམ་རའི་སྒྲིག་ལམ་གཏོར་བ་དང་། དབྱར་རྩྭ་དགུན་འབུའི་སྤུས་རྟགས་ཀྱི་སྙན་གྲགས་ལ་ཤུགས་རྐྱེན་བཟོས་ནས། མཛད་སྤྱོད་པའི་ཁྲིམས་མཐུན་གྱི་ཁེ་དབང་ལ་གནོད་སྐྱོན་བཏང་བས། བོད་རང་སྐྱོང་ལྗོངས་ཀྱི་དབྱར་རྩྭ་དགུན་འབུའི་ཁྲོམ་རའི་སྒྲིག་སྲོལ་བཅོས་སྒྲིག་བྱ་ཆེད་དང་། ཁྲིམས་ལྟར་རྫུན་བཟོའི་བྱ་སྤྱོད་ལ་རྡུང་རྡེག་གཏོང་བ་དང་། བོད་ལྗོངས་ཀྱི་དབྱར་རྩྭ་དགུན་འབུའི་སྤུས་རྟགས་ཀྱི་ལེགས་ཆ་དང་སྤུས་ཚད་ཁྱབ་བསྒྲགས་ཤུགས་ཆེན་བྱེད་པ། མཛད་སྤྱོད་པས་ངོ་མ་དང་རྫུན་མ་དབྱེ་འབྱེད་ཐུབ་པའི་ནུས་པ་ཇེ་མཐོར་གཏོང་བ། བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་པ་དང་མཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བཅས་བྱ་ཆེད། ཐེངས་འདིའི་བྱ་སྤྱོད་རིམ་བཞིན་སྤེལ་བ་རེད་ཅེས་བཤད།


   མཉམ་འབྲེལ་ཁྲིམས་བསྟར་རྩ་འཛུགས་ཀྱིས་གཡུ་ཐོག་ལམ་དང་། ཉི་མའི་གླིང་ཕྲན། ཧྲུན་ཞིན་ཁྲོམ་ར། ཁ་ཆེ་ལྷ་ཁང་གི་ཁྲོམ་ར་སོགས་ལྷ་ས་གྲོང་ཁྱེར་ནང་ཁུལ་གྱི་གཅིག་བསྡུས་ཆེ་བའི་དབྱར་རྩྭ་དགུན་འབུའི་ཁྲོམ་ར་ལ་མཉམ་འབྲེལ་ཁྲིམས་བསྟར་གྱིས་ཞིབ་བཤེར་བྱས་ནས། དབྱར་རྩྭ་དགུན་འབུ་སྡེབ་འཚོང་ཚོང་པ་30ལྷག་ལ་ཞིབ་བཤེར་བྱས་པ་ལས། ཁྲིམས་འགལ་ཚོང་ཁང་2རྙེད་ཅིང་། དབྱར་རྩྭ་དགུན་འབུ་རྫུན་མ་ཁེ་625.6ཞིབ་བཤེར་བྱུང་ནས་བཀག་སྡོམ་བྱས་ཡོད།
    དུས་མཚུངས་སུ། བོད་རང་སྐྱོང་ལྗོངས་ཀྱི་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ད་ད་དུང་སྡེ་ཁག་མང་པོ་མཉམ་འབྲེལ་བྱས་ནས་ལྷ་སའི་གཡུ་ཐོལ་ལམ་དུ་“ཁྲིམས་ལྟར་དབྱར་རྩྭ་དགུན་འབུའི་ཉོ་ཚོང་ཁྲོམ་ར་ཚད་ལྡན་དུ་བཏང་ནས། རྫུན་བཟོ་དང་རྫུན་འཚོང་སོགས་ཁྲིམས་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་དྲག་པོ་གཏོང་དགོས”ཞེས་པའི་བྱ་སྤྱོད་སྤེལ། 
   བྱ་སྤྱོད་སྤེལ་ཡུལ་དུ། ལས་བྱེད་མི་སྣས་འཕྲེད་ཡིག་འགེལ་བ་དང་དྲིལ་བསྒྲགས་དེབ་ཆུང་སྤྲོད་པ། དྲིལ་བསྒྲགས་པང་ལེབ་འགྲེམས་པ་བཅས་ཀྱི་ཐབས་ཤེས་བརྒྱུད་ནས། དེ་ནས་འགྲོ་འོང་བྱེད་པའི་མང་ཚོགས་ལ་དབྱར་རྩྭ་དགུན་འབུ་རྫུན་མ་དང་ངོ་མ་ཇི་ལྟར་དབྱེ་འབྱེད་བྱེད་པ་དང་། རྫུན་མ་ཉོས་ཚེ་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ཇི་ལྟར་སྲུང་སྐྱོང་བྱེད་དགོས་པ་སོགས་ཀྱི་ནང་དོན་དྲིལ་བསྒྲགས་བྱས་ཡོད།

   གཞན་ཡང་། ཡུལ་དངོས་ནས་སྤྱི་དམངས་ལ་གཏུགས་བཤེར་བྱེད་ཐབས་ཡོངས་བསྒྲགས་བྱས་ནས། མང་ཚོགས་ཀྱིས་གལ་ཏེ་སྤུས་ཚད་བཟང་བོའི་ཚབ་ངན་པས་བྱེད་པ་དང་། དྲིལ་བསྒྲགས་རྫུན་མ། རྫུན་མ་བཟོ་བ་དང་འཚོང་བ། མིས་བཟོས་དབྱར་རྩྭ་དགུན་འབུ་ཡིས་བོད་ལྗོངས་ཀྱི་རི་སྐྱེས་དབྱར་རྩྭ་དགུན་འབུར་རྫུས་པའི་ཁྲིམས་འགལ་ཁུངས་སྣེ་རྙེད་སོང་ན། བོད་རང་སྐྱོང་ལྗོངས་དབྱར་རྩྭ་དགུན་འབུ་མཐུན་ཚོགས་སུ་གཏུག་བཤེར་བྱེད་ཆོག གཏུག་བཤེར་བྱ་ཡུལ་གྱི་ཁ་པར་ཨང་གྲངས་0891-6394833 ད་དུང་བོད་རང་སྐྱོང་ལྗོངས་དབྱར་རྩྭ་དགུན་འབུ་མཐུན་ཚོགས་ཀྱི་དྲ་ཚིགས་www. tibet-cc.comདང་བོད་རང་སྐྱོང་ལྗོངས་དབྱར་རྩྭ་དགུན་འབུ་མཐུན་ཚོགས་ཀྱི་འཕྲིན་ཕྲན་སྤྱི་སྟེགས་xzdcxcxhབཅས་ནས་ཀྱང་གཏུག་བཤེར་བྱེད་ཆོག  གཏུག་བཤེར་ཁུངས་སྣེ་དེ་ཁྲོམ་ར་ལྟ་སྐུལ་དོ་དམ་དང་སྤྱི་བདེ་སྡེ་ཁག་གིས་ཞིབ་བཤེར་བྱས་ནས་གང་དེ་རྫུན་མ་བཟོ་བ་དང་འཚོང་བ། མགོ་སྐོར་གཏོང་བའི་བྱ་སྤྱོད་ཀྱི་གྱོད་དོན་ལ་ངོས་འཛིན་བྱས་ཚེ། ཐེངས་དེར་སྒོར་2000ཡི་བྱ་དགའ་སྤྲོད་རྒྱུ་རེད། གལ་ཏེ་དེའི་རྗེས་སུ་ཁུངས་སྣེ་གལ་ཆེན་དང་རྫུན་མ་བཟོ་ས་རྙེད་ནས་ར་སྤྲོད་ཐུབ་སོང་ན། གནས་ཚུལ་ལ་གཞིགས་ནས་བྱ་དགའི་དངུལ་གྲངས་ཇེ་མང་དུ་གཏོང་རྒྱུ་རེད།


   བསྡོམས་རྩིས་བྱས་པར་གཞིགས་ན། ཐེངས་འདིའི་དྲིལ་བསྒྲགས་བྱ་འགུལ་ཐོག 《བྱ་དགའ་ཡོད་པའི་སྤྱི་བསྒྲགས》ཁྱོན་1000དང་། 《བོད་རང་སྐྱོང་ལྗོངས་དབྱར་རྩྭ་དགུན་འབུ་གཅིག་བསྡུས་དོ་དམ་བཅའ་ཁྲིམས་དང་ཁྲིམས་སྲོལ།(བོད་རྒྱ་སྐད་གཉིས)》སོགས་དྲིལ་བསྒྲགས་ཡིག་ཆ་200ལྷག་སྤེལ་ཡོད།
གོམ་རིམ་རྗེས་མར། བོད་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས། ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་མཉམ་འབྲེལ་བྱས་ནས་འབྲེལ་ཡོད་བརྡ་ཐོ་འགྲེམས་སྤེལ་བྱས་ནས། ཐོན་ཁུལ་ཁག་གིས་མཉམ་དུ་མཉམ་འབྲེལ་ཁྲིམས་བསྟར་བྱ་འགུལ་སྤེལ་བའི་བླང་བྱ་འདོན་པ་དང་། ཟོག་སྐྱེལ་ལས་རིགས་དང་འགྲོ་འོང་གནས་ངེས་མེད་ཀྱི་ཚོང་གཉེར་བར་ལྟ་སྐུལ་ཤུགས་ཆེན་བྱས་ཏེ། གོམ་གང་མདུན་སྤོས་ངང་དབྱར་རྩྭ་དགུན་འབུ་ཁྲོམ་རའི་ཉོ་ཚོང་དང་བསྡུ་ལེན་དོ་དམ་སྔར་ལས་ཚད་ལྡན་དུ་གཏོང་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1