ཨུ་རུ་སུ་དང་ཨ་རིའི་ཙུང་ཐུང་གཉིས་ཇེ་ནེ་ཝ་རུ་ཐུགས་རྒྱུ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-27



    ཟླ་5ཚེས་25ཉིན། ཨུ་རུ་སུའི་ཙུང་ཐུང་དྲ་ཚིགས་ཐོག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཨ་རིའི་ཙུང་ཐུང་པེ་ཏེན་གཉིས་ཟླ་6ཚེས་16ཉིན་སུའེ་ཙེར་ཇེ་ནེ་ཝ་རུ་ཞལ་འཛོམས་རྒྱུ་རེད། 
    ཨུ་རུ་སུའི་ཙུང་ཐུང་དྲ་ཚིགས་ཐོག་བརྗོད་དོན། ཞལ་འཛོམས་སྐབས་ཕྱོགས་གཉིས་ཀྱི་འགོ་ཁྲིད་ཀྱིས་ཨུ་རུ་སུ་དང་ཨ་རིའི་འབྲེལ་བའི་ད་ལྟའི་གནས་བབ་དང་སྔར་བས་འཕེལ་རྒྱས་གཏོང་བའི་མདུན་ལྗོངས། འཐབ་ཇུས་བརྟན་ལྷིང་། ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་ཐད་ཀྱི་མཉམ་ལས། དེ་བཞིན་དུ་ས་ཁུལ་གྱི་གདོང་ཐུག་བར་འདུམ་སོགས་ཀྱི་གནད་དོན་སྐོར་བགྲོ་གླེང་བྱ་རྒྱུ་རེད། 
   ཨ་རིའི་ཕོ་བྲང་དཀར་པོས་ཚེས་25ཉིན་ཞལ་འཛོམས་རྒྱུའི་ཐད་ཀྱི་གནས་ཚུལ་གཏན་འཁེལ་བྱས། ཕོ་བྲང་དཀར་པོའི་གསལ་བསྒྲགས་ཐུང་ཐུང་ཞིག་ནང་། ཨ་རིས་ཨ་རི་དང་ཨུ་རུ་སུའི་འབྲེལ་བའི་ཁྲོད་སྔོན་དཔག་བྱེད་ཐུབ་པའི་རང་བཞིན་དང་བརྟན་ལྷིང་སླར་གསོ་ཡོང་བར་རེ་བ་དང་། ཕྱོགས་གཉིས་ཀྱི་འགོ་ཁྲིད་ཀྱིས་ཞལ་འཛོམས་ཁྲོད་ཁ་ཚ་དགོས་གཏུག་གི་གནད་དོན་རབ་དང་རིམ་པའི་ཐད་བགྲོ་གླེང་བྱ་རྒྱུ་ཡིན་པ་བཤད། 
     པེ་ཏེན་གྱིས་ཟླ་4ཚེས་15ཉིན། ཁོང་གིས་ཕུའུ་ཅིང་དང་ད་ལོའི་དབྱར་ཁར་ཡོ་རོབ་ཏུ་ཞལ་འཛོམས་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་ལ་བགྲོ་གླེང་བྱ་རྒྱུ་ཡིན་པ་བསྟན། ཨུ་རུ་སུའི་ཙུང་ཐུང་ལས་རོགས་ཝུའུ་ཧྲ་ཁོ་ཧྥོ་ཡིས་ཟླ་དེའི་ཚེས་25ཉིན། ཕུའུ་ཅིང་དང་པེ་ཏེན་གཉིས་ཟླ་6པར་ཞལ་འཛོམས་རྒྱུ་ཡིན་པ་བསྟན། 
    ཨ་རི་དང་ཨུ་རུ་སུའི་འབྲེལ་བ་ནི་ཉེ་བའི་ལོ་འགའི་རིང་བསྟུད་མར་ཛ་དྲག་ཏུ་གྱུར་ཡོད། པེ་ཏེན་སྲིད་གཞུང་ནས་བཟུང་། ཕྱོགས་གཉིས་ཀས་དམག་དོན་ཚོད་འཛིན་ཁྱབ་ཁོངས་སུ་ཚད་ཡོད་མཉམ་ལས་མངོན་འགྱུར་བྱུང་ནའང་། ཡུག་རེན་དང་དྲ་རྒྱའི་བདེ་འཇགས། འགྲོ་བ་མིའི་ཐོབ་ཐང་། འདེམས་བསྐོ་ལ་ཐེ་གཏོགས་སོགས་ཀྱི་གནད་དོན་ཐད་འགལ་བ་མངོན་གསལ་གྱིས་ཆེ་ཞིང་གདོང་ཐུག་ཇེ་ཆེར་གྱུར་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1