༄༅།།ལག་ཏུ་དབྱར་རྩྭ་དགུན་འབུ་རྫུན་མ་ཐེབས་ཚེ་འདིར་ཐེར་འདོན་བྱས་ན་འགྲིག

རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 06-03




      བོད་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་དང་ཁྲོམ་ར་ལྟ་འདོམས་ཅུས་སོགས་སྡེ་ཚན་དང་མཉམ་དུ་བོད་ལྗོངས་ཀྱི་དབྱར་རྩྭ་དགུན་འབུའི་ཉོ་ཚོང་ཁྲོམ་རར་ཁྲིམས་བསྟར་ཞིབ་བཤེར་བྱས་པ་རེད།

          བོད་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། ཉེ་ཆར། ལྷ་ས་དང་། ཆབ་མདོ། ནག་ཆུ་སོགས་གྲོང་ཁྱེར་གྱི་དབྱར་རྩྭ་དགུན་འབུའི་ཁྲོམ་རར་མི་ཐབས་ལ་བརྟེན་ནས་བཏབ་པའི་དབྱར་རྩྭ་དགུན་འབུ་རི་སྐྱེས་ཀྱི་དབྱར་རྩྭ་དགུན་འབུ་ཡིན་ཁུལ་བྱས་ནས་བཙོངས་པའི་གནད་དོན་བསྟུད་མར་ཐོན་ནས། ཁྲོམ་རའི་སྒྲིག་ལམ་ཟང་ཟིང་ཚབས་ཆེན་བཟོས་པ་དང་། དབྱར་རྩྭ་དགུན་འབུའི་སྤུས་རྟགས་ཀྱི་མཚན་སྙན་ལ་ཤུགས་རྐྱེན་ངན་པ་ཐེབས་པ། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་ཡོད། བོད་ལྗོངས་ཀྱི་དབྱར་རྩྭ་དགུན་འབུའི་ཉོ་ཚོང་ཁྲོམ་ར་བཅོས་སྒྲིག་དང་ཚད་ལྡན་དུ་བཏང་སྟེ། རྫུན་མ་བཟོ་བ་དང་ཚོང་བའི་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་དང་། བོད་ཀྱི་དབྱར་རྩྭ་དགུན་འབུའི་སྤུས་རྟགས་ཀྱི་ལེགས་ཆ་དང་སྤུས་ཚད་དྲིལ་བསྒྲགས་ཤུགས་ཆེན། འཛད་སྤྱོད་པའི་བདེན་རྫུན་དབྱེ་འབྱེད་དང་གསལ་འབྱེད་ཀྱི་ནུས་པ་ཆེར་གཏོང་། བོད་ལྗོངས་ཀྱི་ཞིང་འབྲོག་པ་དང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་འགན་ལེན་བཅས་བྱ་ཆེད། ད་ཐེངས་ཀྱི་བྱེད་སྒོ་འདི་སྤེལ་བ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
 
          ཁྲིམས་བསྟར་ཚོགས་ཆུང་གིས་གཡུ་ཐོག་ལམ་དང་། ཉི་འོད་གླིང་ཕྲན། ཧྲུན་ཤིང་ཁྲོམ་ར། ཁ་ཆེ་ལྷ་ཁང་གི་ཁྲོམ་ར་སོགས་ལྷ་ས་གྲོང་ཁུལ་གྱི་གཅིག་སྡུད་ཅུང་ཆེ་བའི་དབྱར་རྩྭ་དགུན་འབུའི་ཉོ་ཚོང་ཁྲོམ་རར་མཉམ་འབྲེལ་ཁྲིམས་བསྟར་ཞིབ་བཤེར་བྱས་ཏེ། ཁྱོན་དབྱར་རྩྭ་དགུན་འབུ་སྡེབ་ཚོང་དང་སིལ་ཚོང་ཚོང་དུད་30ལྷག་ཙམ་ལ་ཞིབ་བཤེར་བྱས་པ་ལས། ཁྲིམས་དང་མ་མཐུན་པའི་ཚོང་དུད་2ཤེས་རྟོགས་ཐུབ་པ་དང་དབྱར་རྩྭ་དགུན་འབུ་རྫུན་མ་ཁེ་625.6གཞུང་བཞེས་བཏང་བ་རེད།
          དེ་དང་ཆབས་ཅིག བོད་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ད་དུང་སྡེ་ཚན་མང་པོ་དང་མཉམ་དུ་ལྷ་ས་གྲོང་ཁྱེར་གཡུ་ཐོག་ལམ་གྱི“དབྱར་རྩྭ་དགུན་འབུའི་ཉོ་ཚོང་ཁྲོམ་ར་ཁྲིམས་ལྟར་ཚད་ལྡན་དུ་བཏང་སྟེ། རྫུན་མ་བཟོ་བ་དང་ཚོང་བའི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་དགོས”ཞེས་པའི་དྲིལ་བསྒྲགས་བྱེད་སྒོའང་སྤེལ་བ་རེད།

          གཞན་ཡང་། དྲིལ་བསྒྲགས་བྱ་ཡུལ་དུ་སྤྱི་དམངས་ཀྱི་ཐེར་འདོན་བྱེད་སྟངས་ཡོངས་བསྒྲགས་བྱས་ཤིང་། མང་ཚོགས་ཚོས་སྤུས་ཞན་གྱིས་སྤུས་དག་ཡིན་ཁུལ་དང་། དྲིལ་བསྒྲགས་རྫུན་མ། རྫུན་མ་བཟོ་བ་དང་ཚོང་བ། མི་ཐབས་ལ་བརྟེན་ནས་བཏབ་པའི་དབྱར་རྩྭ་དགུན་འབུས་རི་སྐྱེས་དབྱར་རྩྭ་དགུན་འབུ་ཡིན་ཁུལ་བཅས་བྱེད་པའི་ཁྲིམས་འགལ་གྱི་ཁུངས་སྣེ་ཤེས་རྟོགས་ཐུབ་ཚེ། བོད་རང་སྐྱོང་ལྗོངས་དབྱར་རྩྭ་དགུན་འབུ་མཐུན་ཚོགས་ལ་ཐེར་འདོན་བྱ་ཆོག ཐེར་འདོན་ཁ་པར་ཨང་གྲངས། 0891-6394833དང་། ཡང་མིན་ན་བོད་རང་སྐྱོང་ལྗོངས་དབྱར་རྩྭ་དགུན་འབུ་མཐུན་ཚོགས་ཀྱི་གཞུང་ཕྱོགས་དྲ་ཚུགས་www.tibet-cc.comདང་བོད་རང་སྐྱོང་ལྗོངས་དབྱར་རྩྭ་དགུན་འབུ་མཐུན་ཚོགས་ཀྱི་སྤྱི་རྟགས་xzdcxcxhབརྒྱུད་ནས་ཐེར་འདོན་བྱ་ཆོག ཐེར་འདོན་ཁུངས་སྣེར་ཁྲོམ་ར་ལྟ་འདོམས་དང་སྤྱི་བདེ་སྡེ་ཚན་གྱིས་རྩད་གཅོད་གསལ་པོ་དང་ངོ་བོ་གཏན་འཁེལ་བྱས་པ་བརྒྱུད། རྫུན་མ་བཟོ་བ་དང་ཚོང་བ་དང་མགོ་སྐོར་གཏོང་བའི་བྱེད་སྤྱོད་ལྡན་པའི་གྱོད་གཞི་ཡིན་རིགས་ལ་ཐེར་འདོན་བྱེད་ཐེངས་དང་པོར་བྱ་དགའ་སྒོར་2000སྤྲོད་རྒྱུ་དང་། དེ་རྗེས་མུ་མཐུད་ཐེར་འདོན་གྱི་ཁུངས་སྣེ་དང་རྫུན་བཟོ་བྱེད་ཁུངས་ཚབས་ཆེན་ཤེས་རྟོགས་བྱུང་བ་དང་འབྲེལ་བདེན་དཔང་ར་སྤྲོད་ཐུབ་རིགས་ལ་བྱ་དགའི་དངུལ་ཡང་གནས་ཚུལ་ལྟར་མང་དུ་གཏོང་རྒྱུ་རེད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1