༄༅།།གནའ་བོའི་དུར་འཇུག

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 06-21


   བོད་ཀྱི་གནའ་བོའི་བང་སོའི་ཁྲོད་ན་མུ་ཏིག་རྡོག་གཅིག་བཞིན་རབ་ཏུ་འཚེར་བའི་སྨུག་གི་ལྟེ་བའི་བང་སོའི་ཚོགས་ནི་རྨ་སྟོད་རྫོང་གི་མཛོ་རྒན་རྭ་བ་ནས་ནུབ་བྱང་གི་ཕྱོགས་སུ་སྤྱི་ལེ80ལྷག་གི་མཚམས་ན་ཡོད། སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ2000ལྷག་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོང་བྱ་ཡུལ་ཡིན།  བེེཌཱུརྱ་ལྟར་འཚེར་བའི་སྟོང་གི་མཚོ་ནག་གི་ཉེ་འདབས། རི་རྒྱུད་པདྨ་སྟོང་འདབ། ཆུ་བོ་གཡུ་འབྲུག་ཁ་སྤྲོད། ལུང་ཁོག་གསུམ་གྱི་མདོ་ན། རུས་སྦལ་ཞིག་གན་གྱིས་འགྱིང་བ་ལྟ་བུའི་དེའུ་འབུར་ཆེན་མོ་ཞིག་གི་སྟེང་དུ་བང་སོ་ཆེ་ཆུང་མང་པོ་བསྟར་ཕྲེང་བཞིན་བསྒྲིགས་ཡོད་པས། བློན་ཆེན་པོ་དང་དཔའ་རྟུལ་གྱི་ཁྱིམ་རྒྱུད་ཅིག་གི་བང་སོ་མིན་ནམ་སྙམ་འོང་། ཡིན་ནའང་སྔོན་ནས་རྐུ་འཁྱེར་སོང་བས་ད་ལྟ་ཚང་མ་ཚལ་བར་གཤེགས་ནས་བང་སོའི་སྟོང་ཤུལ་ཙམ་ལས་མེད་པའི་དུས་རབས་གང་ལ་བྱུང་བ་དང་དེའི་སྐོར་གྱི་ལོ་རྒྱུས་ཏིལ་འབྲུ་ཙམ་ཀྱང་རྙེད་རྒྱུ་མེད་པས་ཡིད་སེམས་ཤིན་ཏུ་ཕངས་པ་དང་། ས་དེ་གའི་འབྲོག་པ་མང་ཚོགས་ཀྱི་བཤད་པ་ལྟར་ན། དེའུ་འབུར་ཆེན་མོ་དེའི་སྒང་ན་སྔོན་ཆད་ཁང་པ་ཅིག་ཡོད་ལ་ཁང་པ་དེ་མར་བརྡིབ་རྗེས་པཎ་ཆེན་ཞིང་སྡེ་ནས་རྒྱ་མི་སྐོར་སྐོར་ཡོང་ནས་རྐུ་སློག་བྱས་ཤིང་། རྐུ་སློག་བྱས་ཤུལ་དུ་མིའི་ཐོད་རུས་མང་པོ་དང་རྗེ་ངར་ཆེ་བ། བརླ་རུས། རྩིབ་རུས། ལག་ངར་ཆེ་བ། སྒལ་རུས་སོགས་ཀྱི་ཆག་དུམ་མང་པོ་དང་། རྟ་ནོར་ལུག་གསུམ་གྱི་རུས་པ། རྫ་ཆས་ཀྱི་ཆག་དུམ། གོས་ཆེན་ཧྲལ་ཧྲུལ། ད་རུང་དུར་ཁང་ཞིག་ན་ནས་འབྲུ་མང་པོ་ཉར་ཡོད་ཟེར། གོ་ཐོས་སུ་གསེར་གྱི་སྡེར་མ་སོགས་གསེར་ལས་གྲུབ་པའི་ཅ་ལག་མང་པོ་ཐོན་མྱོང་སྐད། གཞན་མདུན་ངོས་ཀྱི་གད་སྟེགས་ཐོག་རྡོ་རྩིག་བསྐོར་བའི་རྗེས་ཤུལ་མཐོང་རྒྱུ་ཡོད་པ་དང་། སྒང་གི་ཁང་པ་དེའང་དུར་སྲུང་གི་སྡོད་ཁང་མིན་ནམ་སྙམ། དེ་བཞིན་བང་སོའི་གྲུབ་ཚུལ་དང་གནའ་བོའི་གྱང་རོ། སྟེང་ནས་འོག་ཏུ་བྲུས་ནས་དུར་རྫས་རྐུ་འཁྱེར་སོང་བ་སོགས་ལ་བརྟག་ན་སྨུག་གི་ལྟེ་བ་ནི་བཙན་པོའི་དུས་སྐབས་ཀྱི་བང་སོ་ཁག་དང་འདྲ་བར་འབངས་གྱེན་ལོག་མ་བྱུང་སྔོན་གྱི་སྤུར་རྒྱལ་བཙན་པོའི་དུས་སུ་བྱུང་བར་འདོད།།

          དེ་ལྟར་གཉའ་ཁྲི་བཙན་པོ་ནས་བཟུང་གནམ་གྱི་ཁྲི་བདུན་ཕུད། དེ་མིན་གྱི་བཙན་པོ་རིམ་བྱོན་ཀུན་ལ་བང་སོ་བཏབ་པའི་མི་ཚད་མི་ཆེན་དང་གཡུལ་དུ་དཔའ་བོ་རྣམས་ལའང་བང་སོ་བཏབ་པར་གྲགས། སྤྱི་ལོ841པའི་ལྕགས་བྱ་ལོར་དར་མ་འུ་དུམ་བཙན་པོ་བཀྲོངས་རྗེས་བཙན་པོའི་རུས་རྒྱུད་ཀྱིས་བོད་ཀྱི་ས་ཆར་དབང་སྒྱུར་བྱེད་པའི་སྲོལ་ཉམས་རྒུད་དུ་འགྲོ་བའི་འགོ་ཚུགས་ཏེ། བཙན་པོའི་མངའ་ཐང་ནི་དགུན་ཁའི་འབབ་ཆུ་བཞིན་དུ་བྲི། ཞིང་བྲན་བདག་པོའི་ཁེ་ཕན་དང་ཁྱད་དབང་སྲུང་སྐྱོབ་བྱེད་པའི་རྒྱལ་ཁྲིམས་ནི་སོག་རུལ་གྱི་ཕོན་ཐག་བཞིན་དུ་ཆད། ཁོ་ཚོའི་དབང་སྒྱུར་གྱི་ཆབ་སྲིད་ནི་ནམ་མཁའི་འཇའ་བཞིན་ཡལ་བར་གྱུར་ཏེ། གླང་དར་མ་བཀྲོངས་པའི་ཕྱི་ལོ་དེར། དེའི་བུ་འོད་སྲུང་དང་། ཡུམ་བརྟན་གཉིས་སྐྱེས་རྗེས། བཙུན་མོ་ཆེ་ཆུང་གི་བུ་གཉིས་སྲིད་དབང་འཕྲོག་རེས་བྱས་པའི་དབང་གིས་བློན་འབངས་ཀུན་ཀྱང་ཆེ་སྲིད་དང་། ཆུང་སྲིད། མང་ཚན་དང་ཉུང་ཚན། ཤ་ཟན་དང་རྩམ་ཟན་ཟེར་བའི་ཕྱོགས་གཉིས་གཉིས་སུ་གྱེས་པ་རྣམས་ཕན་ཚུན་ལོ་ཉི་ཤུ་རྩ་བརྒྱད་རིང་ནང་འཁྲུག་གི་དམག་འཐབ་བྱས་ཤིང་། དེར་སུ་རྒྱལ་སུ་ཕམ་ཐག་མ་ཆོད་གོང་སྤྱི་ལོ869པའི་ས་གླང་ལོར་བོད་ཀྱི་ས་ཆ་ཡོངས་སུ་ཐོག་མར་མདོ་ཁམས་དང་དེ་ནས་དབུས་རུ། ལྷོ་ཁ། དྭགས་པོ། ཀོང་པོ་བཅས་སུ་ལོ་རྒྱུས་ཐོག་སྔར་བྱུང་མ་མྱོང་བའི་གཞི་རྒྱ་ཆེ་བའི་འབངས་མི་གྱེན་ལོག་བྱུང་སྟེ། དཔེར་ན། ནམ་མཁའ་ལ་བྱ་གཅིག་འཕུར་བར་བྱ་ཀུན་རུབ་པ་ལྟ་བུ་ས་ཕྱོགས་ཀུན་ཏུ་གཅིག་རྗེས་གཉིས་མཐུད་དུ་འབངས་མི་གྱེན་ལོག་གི་དར་ཆ་མཐོན་པོར་བསྒྲེངས་ཏེ། ལོ་བརྒྱ་ཕྲག་དུ་མར་གནས་པའི་བཀས་བཀོད་རྒྱུན་འཛིན་གྱི་སྲིད་དབང་ལམ་ལུགས་རྩ་གཏོར་བཏང་སྟེ། བོད་ཀྱི་བཙན་པོའི་གདུང་རྒྱུད་ཀྱིས་བོད་ལ་དབང་སྒྱུར་བྱེད་པའི་དུས་རབས་མཇུག་བསྒྲིལ་ཏེ་བཙན་པའོ་རྒྱལ་རབས་ཞེས་པ་དེ་ལོ་རྒྱུས་ཀྱི་ཐ་སྙད་ཅིག་ཏུ་གྱུར་པ་བཟོས།

          སྟག་ཚང་དཔལ་འབྱོར་བཟང་པོའི《རྒྱ་བོད་ཡིག་ཚང》ལས།“ ས་མོ་གླང་ལ་ཁེང་ལོག་བྱུང་། མེ་མོ་བྱ་ལ་བང་སོ་རྣམས་བཤིགས། རྗེ་འབངས་བྱེ། རྒྱལ་ཁྲིམས་ཞིག ཆོས་ཁྲིམས་ཉམས། ཕྱིའི་སོ་ཁ་ཤོར། བོད་ནང་འཁྲུགས།”ཞེས་པ་ལྟར། གྱེན་ལོག་ཆེན་པོ་དེའི་རྗེས་སུ་བོད་ཀྱི་ས་ཆར་རྗེ་དཔོན་ཚན་པ་བཅུ་གཅིག་གིས་དུམ་བུར་བཅད་ནས་དབང་སྒྱུར་བྱས་པའི་བཅད་བཟུང་གི་ས་ཁུལ་ཆགས་ཏེ། བོད་ཀྱི་ལོ་རྒྱུས་ཐོག་ལོ་ངོ་བཞི་བརྒྱར་ཉེ་བའི་བོད་སིལ་བུའི་དུས་སྐབས་ཞེས་པ་དེ་བྱུང་། གྱེན་ལོག་བྱུང་ནས་ལོ་དགུ་འདས་པའི་སྐབས་སུ། བློན་པོ་ཤུད་པུ་སྟག་རྩེ་གཉགས་སོགས་གྲོས་བྱས་ཏེ་རྒྱལ་པོའི་བང་སོ་རྣམས་གཉགས་དང་། ཤུད་པུ། ཁུ། སྙི་བ། འབྲོ། ཅོག་རོ་བཅས་རུས་རྒྱུད་ཚོ་པ་དྲུག་གིས་བགོ་བཤའ་བརྒྱབ་སྟེ་ཕལ་ཆེར་བྲུས་ཏེ་བཤིགས། གཉགས་ཕྱོགས་ཀྱིས་དོན་མཁར་མདའི་སྟག་རི་གཉན་གཟིགས་དང་། གནམ་རི་སྲོང་བཙན་སོགས་ཀྱི་བང་སོ་བྲུས། ཤུད་པུ་ཕྱོགས་ཀྱིས་སེང་གེ་ཅན་གྱི་བང་སོ་བྲུས། མང་སྲོང་མང་བཙན་གྱི་བང་སོ་སྔོ་གཞེར་ཧྲལ་པོ་དེ་སྙི་བའི་ཕྱོགས་ཀྱིས་ཐོབ་སྟེ་འབྲུ་འཕྲོར་ལུས། སྲོང་བཙན་གྱི་བང་སོ་འབྲོ་དང་ཅོག་རོ་ཕྱོགས་ཁག་གཉིས་ལ་ཐོབ་སྟེ་དེ་ཡང་འབྲུ་འཕྲོར་ལུས་པར་གྲགས། གོང་ལྟར་ལོ་རྒྱུས་ཀྱི་རྒྱུ་རྐྱེན་སྣ་ཚོགས་དང་རྗེས་སུ་དུས་རབས་བཅུ་གཅིག་པའི་ནང་བོད་དུ་ཕ་དམ་པ་སངས་རྒྱས་ཀྱི་ཞི་བྱེད་པའི་ཆོས་དར་སྐབས་ནས་བཟུང་རོ་དུར་ཁྲོད་དུ་བསྐྱལ་ཏེ་བྱ་གཏོར་གཏོང་བའི་སྲོལ་ལུགས་དང་། ཡང་ན་ཞུགས་འབུལ་བྱེད་པ་སྟེ་སྤྱིན་བསྲེགས་བྱེད་པ་སོགས་ཀྱི་གོམས་སྲོལ་ས་ཁྱབ་རྡོ་ཁྱབ་དུ་སོང་བ་ལས་དམིགས་བསལ་གྱི་རིགས་འགའ་ཕུད་སྔར་གྱི་བང་སོ་བརྩིགས་པའི་ལུགས་སྲོལ་ཡོངས་སུ་ཉམས་པ་རེད།

          སྤྱིར་ས་འོག་ན་སྤས་ཡོད་པའི་མེས་ནོར་དག་ནི་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པར་ཤིན་ཏུ་མཁོ་ཆེ་བ་དང་། ལྷག་ཏུ་ས་འོག་ནས་ཐོན་པའི་མིག་མཐོང་ལག་ཟིན་གྱི་གནའ་རྫས་དག་ལ་ཞིབ་འཇུག་བྱ་རྒྱུ་ནི་ཁ་ཚ་དགོས་གཏུག་གི་དོན་དག་གལ་ཆེས་ཤོས་དེ་རེད་སྙམ། བོད་ཀྱི་ས་ཆ་སོ་སོ་ནས་བཙན་པོའི་ཁྱིམ་རྒྱུད་ཀྱི་བང་སོ་མང་པོ་ལག་ཪྙེད་བྱུང་བའི་ནང་། ཡར་ཀླུང་འཕྱོངས་རྒྱས་སུ་ཡོད་པའི་འཕྱིང་བའི་བང་སོའི་ཚོགས་དང་། དོན་མཁར་མདའི་བང་སོའི་ཚོགས། ཞང་མདའི་བང་སོ་ཚོགས་ནི་ལོ་རྒྱུས་ཡིག་ཆ་གཞིར་བཞག་ནས་འགྲེལ་བ་བྱེད་བདེ་པོ་ཡིན་ན་ཡང་། བཙན་པོའི་ཁྱིམ་རྒྱུད་མ་ཡིན་པའི་བང་སོ་མང་པོ་ཞིག་ཡར་ཀླུང་གཙང་པོའི་སྟོད་རྒྱུད་ནས་རྨ་ཆུའི་སྟོད་རྒྱུད་བར་ཀྱི་རི་ལུང་མང་པོར་མུ་ཏིག་བཀྲམ་པ་བཞིན་ཡོད་པ་འདི་དག་ལ་གསང་བའི་ལོ་རྒྱུས་ཅི་ཞིག་ཡོད་དམ། ཡིད་ཕངས་པ་ཞིག་ལ། མེས་པོ་རྣམས་ཀྱིས་བང་སོ་འདི་དག་གི་འབྱུང་ཁུངས་ལོ་རྒྱུས་ཀྱི་ཤོག་ལྷེའི་སྟེང་མ་བཀོད་པས། ང་ཚོས་མཐའ་མིའི་སྡོམ་ཚིག་ནི་བང་སོ་བསློགས་ཏེ་བདེན་པ་ཐང་ལ་མ་བཀྲམ་བར་མི་སྒུག་ཐབས་མེད་རེད། ཁོ་བོས་ནི་ཆེད་དུ་གནའ་རྫས་རྟོག་ཞིབ་རིག་པ་སོགས་མ་སྦྱངས་བས་དེའི་སྐོར་ལ་རང་ཉིད་ཀྱི་ཤེས་པ་དམན་པས་ནོར་འཁྲུལ་ཇི་སྙེད་ཅིག་མཆིས་སྲིད་ཀྱང་རང་མི་རིགས་ཀྱི་བང་སོའི་རིག་གནས་མི་ཉམས་གོང་འཕེལ་ཡོང་ཕྱིར་དགེ་རྒན་འགའི་ཡིག་ཆ་དང་རང་གི་དངོས་སུ་མཐོང་བ་དག་ལ་གཞིར་བྱས་ནས་བོད་ཀྱི་གནའ་བོའི་བང་སོ་འགའ་ངོ་སྤྲོད་ཙམ་འབྲི་ཁུལ་བྱས་པ་ཡིན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1