མའོ་རྫོང་གི་ཤིང་ཏོག་ཞུ་མཁན་མུའུ་༢༠༠༠ལྷག་ཙམ་ཚོང་རར་བཏོན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་བོད་སྐད་བརྙན་འཕྲིན། སྤེལ་དུས། 06-21



        ཟླ་དྲུག་པ་ནི་མའོ་རྫོང་གི་ཤིང་ཏོག་ཞུ་མཁན་སྨིན་ནས་ཚོང་རར་འདོན་པའི་དུས་ཚིགས་ཤིག་རེད། ཉིན་ཤས་བསྟུད་མར། ཤིང་ཏོག་ཞུ་མཁན་འདེབས་འཛུགས་ར་བའི་གང་ས་གང་དུ་ཤིང་འབྲས་འདེབས་མཁན་མཐོང་རྒྱུ་ཡོད། ཞིང་པའི་སྒོ་རའི་ནང་ས་གནས་སོ་སོ་ནས་ཡོང་བའི་ཤིང་འབྲས་ཉོས་སྒྲུབ་མཁན་གྱིས་གང་ཡོད་ལ། རི་ལུང་ཟབ་སར་གནས་པའི་གྲོང་གསེབ་དེ་ལ་ལོ་ལེགས་སྨིན་པའི་རྣམ་པ་བཟང་པོ་མངོན་ཡོད། 

        ནན་ཤིན་གྲོང་རྡལ་ནས། གསར་འགོད་པས་ཁང་པའི་མདུན་རྒྱབ་དང་། གཞུང་ལམ་གཡས་གཡོན་གཉིས་སུ་ཡུག་ཏུ་གནས་པའི་འདེབས་འཛུགས་ར་བའི་ནང་གི་གསེར་མདོག་ལྡན་པའི་ཤིང་ཏོག་ཞུ་མཁན་གྱི་ཤིང་འབྲས་ཡལ་གར་འཕྱང་ནས་ཡོད་པ་དང་། ཞིང་པ་ཚོས་སྤྲོ་དགའི་ངང་འཐུ་བཞིན་ཡོད་པ་མཐོང་ཡོད། གྲོང་མི་ཡུས་ལི་པིང་གི་ཤིང་ཏོག་ར་བའི་ནང་གི་ཤིང་ཏོག་ཞུ་མཁན་གྱི་སྡོང་བོའི་རྩེ་ཡི་གསེར་མདོག་གི་ཤིང་ཏོག་ཞུ་མཁན་ལྷག་པར་བཀྲག་མདངས་འཚེར་ཞིང་། དེ་རིང་ཞོགས་པ་སྔ་མོ་ནས་ཁོང་ཚང་གི་ནང་མི་ཚང་མ་ཞིང་ནང་དུ་སྔོག་པར་ཡོང་ཡོད། ཡུས་ལི་པིང་གིས་དགའ་སྤྲོའི་ངང་ང་ཚོར་བཤད་རྒྱུར། ཉེ་བའི་ལོ་ཤས་རིང་། ཚན་རིག་དང་མཐུན་ཞིང་ཞིབ་ཚགས་ངང་དོ་དམ་བྱས་པའི་རྐྱེན་གྱིས། ཤིང་ཏོག་ཞུ་མཁན་གྱི་སྤུས་ཚད་ཇེ་ཡག་ཏུ་སོང་ནས། ཡུལ་ཕྱོགས་གཞན་གྱི་མི་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ་གྱིན་ཡོད་ཅེས་བཤད། ད་ལོའི་གནམ་གཤིས་ཤིང་ཏོག་ཞུ་མཁན་འདེབས་པར་འཚམ་པས། ཁོང་ཚང་གི་ཤིང་ཏོག་ཞུ་མཁན་གྱི་ཐོན་ཚད་ན་ནིང་ལས་ཅུང་འཕར་ཞིང་། ད་ལྟ་གཅིག་རྗེས་གཉིས་མཐུད་དུ་སྨིན་བཞིན་ཡོད་པ་རེད། 
        ནན་ཤིན་གྲོང་རྡལ་གྱི་ཤིང་ཏོག་ཞུ་མཁན་འདེབས་འཛུགས་རྒྱ་ཁྱོན་མུའུ་ཆིག་སྟོང་ལྔ་བརྒྱ་ལྷག་ཙམ་ཡོད་པ་དང་། སྔོན་དཔག་བྱས་པ་ལྟར་ན་ད་ལོར་ཐོན་ཚད་ཏུན་ཆིག་སྟོང་ཉིས་བརྒྱ་ལྷག་ཙམ་ལ་ཟིན་རྒྱུ་རེད། ས་ཁམས་དང་གནམ་གཤིས་ཀྱི་ཆ་རྐྱེན་བཟང་པོར་བརྟེན་ནས། དེ་གའི་ཤིང་ཏོག་ཞུ་མཁན་གྱི་ཤིང་འབྲས་སྤུས་ཀ་ལེགས་པ་དང་བྲོ་བ་ཞིམ་པས། འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ད་ལོ་ཚོང་རར་བཏོན་མ་ཐག་ཁྲིན་འདུ་དང་། ཁྲུང་ཆིང་། ཀོང་ཡོན་སོགས་ཀྱི་ཤིང་འབྲས་ཚོང་མཁན་དག་ཡིད་འགུག་ཐེབས་ཡོད། 

        ཡུལ་དངོས་ཕྱིར་ཚོང་བྱེད་མཁན་ཚོ་བྲེལ་འཚུབ་ཀྱིས་ཁེངས་ནས་ཡོད་པ་དང་། དྲ་ལམ་གྱི་ཕྱིར་ཚོང་མཁན་ཚོའང་ལས་ལ་བྲེལ་ནས་ཡོད། སྔོན་མ་དང་བསྡུར་ན། དྲ་རྒྱའི་ལས་སྟེགས་བརྒྱུད་ནས་ཕྱིར་ཚོང་བྱས་པའི་ཤིང་ཏོག་ཞུ་མཁན་གྱི་ཐུམ་སྒྲིལ་དེ་བས་ཡག་པོ་ཡོད། ཉོ་ཐོ་རེའི་ལྗིད་ཚད་འཇལ་བ་དང་། སྲུང་སྐྱོབ་སྐྱི་ཐུམ་རྒྱག་པ་ནས་སྒམ་ནང་བཅུག་པ། མྱུར་སྐྱེལ་ལ་སྐུར་བ་བཅས་ཀྱི་བརྒྱུད་རིམ་ཧྲིལ་བོའི་དུས་ཚོད་སྔར་བས་ཇེ་མགྱོགས་སུ་སོང་ཡོད། རྒྱུན་གཏན་གྱི་གནས་ཚུལ་འོག་སི་ཁྲོན་དང་བར་ཐག་ཉེ་བའི་ཡུན་ནན་དང་། ཁྲུང་ཆིང་། ཀུའེ་ཀྲོའུ་སོགས་སུ་ཉིན་གཉིས་ནང་འབྱོར་གྱི་ཡོད། དེ་བས་ཐག་རིང་བའི་ཞིང་ཆེན་དུའང་ཉིན་གསུམ་ནང་འབྱོར་གྱི་རེད། ཉོ་བདག་ལག་ཏུ་འབྱོར་བའི་དུས་ཚོད་ཐུང་དུ་བཏང་བ་དང་། རིན་གོང་ཡང་ལྟོས་བཅས་ཀྱིས་ཅུང་མཐོ་བ་རེད། 
        ཉེ་བའི་ལོ་ཤས་རིང་། མའོ་རྫོང་གིས་ཞིང་ལས་ཐོན་ལས་སྒྲིག་གཞི་ལེགས་སྒྲིག་བྱེད་པའི་གོམ་སྟབས་མགྱོགས་སུ་བཏང་ནས། ཤིང་འབྲས་འདེབས་སའི་ས་ཞིང་དོ་དམ་ཡག་པོ་དང་། ཞིང་སྨན་ལུགས་མཐུན་ངང་སྤྱོད་པ། ཤིང་འབྲས་འབག་མེད་ཚོད་འཛིན་སོགས་ཀྱི་ཐད་ལག་རྩལ་གྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་། དུས་མཚུངས་སུ་ཤིང་འབྲས་ལ་སྤྱི་གནོད་ཡོད་མིན་ཞིབ་དཔྱད་ཚད་ལེན་བྱེད་མགྱོགས་སུ་བཏང་སྟེ། འཛད་སྤྱོད་པར་བློ་བདེ་བའི་ཤིང་འབྲས་དང་སྔོ་ཚལ་བཟའ་རྒྱུ་ཡོང་བའི་འགན་ལེན་བྱས་པ་རེད། 
        ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་མའོ་རྫོང་གི་ཤིང་ཏོག་ཞུ་མཁན་གྱི་འདེབས་ཁྱོན་མུའུ་ཉིས་སྟོང་ལྷག་ཙམ་ཟིན་པ་དང་། ཤིང་ཏོག་ཞུ་མཁན་གྱི་སྤུས་ཚད་འགན་ལེན་བྱ་ཆེད། ནན་ཤིན་གྲོང་རྡལ་གྱི་ཤིང་འབྲས་འདེབས་མཁན་ཞིང་པས་ཀྱང་ཞུ་མཁན་འཐོག་པའི་དུས་ཚོད་དམ་འཛིན་ནན་མོ་བྱས་ནས། ཟླ་བ་དྲུག་པའི་ཟླ་འགོ་ནས་ཟླ་འདིའི་ཟླ་སྨད་བར་རྒྱུན་མཐུད་ངང་འདེབས་འཛུགས་བྱེད་ཀྱི་ཡིན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1