༄༅། །སྐྱོབས་འབྱིན་དྲེགས་པ་མཐུ་ཆེན་གྱི་བསང་གསོལ།

ཁོད་སྤུངས་བློ་གྲོས་ཐོགས་མེད། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཧི་མ་ལའི་བོན། སྤེལ་དུས། 01-13


          ༄༅།།རྩ་བ་གསུམ་ལ་ཕྱག་འཚལ་ལོ།འདིར་སྲིད་པའི་ཡུལ་ལྷ་གཉེན་པོ་མགོན་དུ་བསྟེན་པ་དང་།ལས་ལ་བསྐུལ་བའི་ཆེད་དུ་བསང་གསོལ་གྱི་རིམ་པ་ལས། གོང་དུ་ལྷ་གཞི་དཀར་པོའི་སྟེང་དུ་མདུང་དར་དཀར་པོ་འཛུགས། ནས་ཀྱི་སྨིན་མ་བླུག་གསས་རྡོར་མར་གྱིས་བརྒྱན་པ་བཀོད། མདུན་ཏུ་ཡུལ་ལྷའི་གཏོར་མ་གཙོར་འཁོར་བཅུ་གསུམ་དང་།



སྐྱོབས་འབྱིན་གཙོ་འཁོར་བཅུ་གསུམ་གྱི་འབག་འཆམ།༼མི་ནུབ་དགོན། ༽


༼སྐྱོབས་འབྱིན་དྲེགས་པ་མཐུ་ཆེན་ནམ་གསང་བ་ཡང་རྫོང་།༽

 མཐར་འདོད་ཡོན་གཟུགས་འགྲོས་གྲངས་མང་བཞག ལྷ་ཤིང་གི་བསང་བྱ་དཀར་དམར་ཇ་ཆང་སོགས་བཟའ་བརྒྱུད་གི་ཕུད་བཤམས། བདག་བསྐྱེད་ལྷའི་ཏེང་འཛིན་དང་ལྡན་པས། རོལ་མོ་དབྱངས་དང་བཅས་ཏེ་སྐད་གྱེར་རོ།། རོལ་མོ་རྔ་གདན་ཚགས་ཚགས་བླ། ཨེ་མ་ཧོ། ཀྱེ་ ཆེམ་ ལྷ་གཞིའི་རྟེན་ལ་བཞུགས་ཀྱི་དགོངས། ལྷ་གཞིའི་རྟེན་ལ་བཞུགས་ཀྱི་དགོངས། ལྷ་གཞིའི་རྟེན་ལ་བཞུགས་ཀྱི་དགོངས།
ཆེམ གྱེར་དབྱངས། བསྭོ་མཆོག་གསུམ་རྩ་བརྒྱུད་བླ་མ་དང་། ཡི་དམ་ཞི་ཁྲོ་མཁའ་འགྲོའི་ཚོགས། སྲུང་མ་ཐམས་ཅན་གནས་ཡུལ་སྐྱོངས། སྒྲུབ་གཤེན་བདག་ལ་དགོངས་སུ་གསོལ། ཡུལ་གྱི་བདག་པོ་སྒྲ་བླའི་གཙོ། སྐྱོབས་འབྱིན་གཉེན་པོ་འཁོར་དང་བཅས། བསྟན་པའི་ཕྲིན་ལས་སྒྲུབ་པའི་ཕྱིར། གར་བཞུགས་གནས་ནས་སྐུ་རུ་བཞེངས། དེ་རིང་བཀྲ་ཤིས་ཉི་མའི་རྩེར། སྲིད་པའི་ལྷ་དང་གསས་འབོད་ན། ལྷ་གཞི་དཀར་པོ་དྲི་མེད་སྟེང། སྔོན་མོ་ནས་ཀྱི་སྨིན་མ་བླུག ངོ་མཚར་གསས་རྡོ་དཀར་པོ་བཙུག འོལ་ཀོན་ཕྱེ་མར་སྤུངས་ནས་ཀྱང་། དྲི་ཞིམ་དུད་པས་ཐལ་མཚོན་ཏེ། མདུང་དང་དར་ལ་སྤྱན་འདྲེན་ནོ། །བ་དན་རུ་མཚོན་བརྡ་ཡིས་གཡབ། རྔ་དང་གཤང་དུང་གླིང་སྐད་ཀྱིས་འབོད། ཏིང་འཛིན་ཡིད་ཀྱིས་སྤྱན་འདྲེནནས། དམ་རྫས་ཚོགས་ལ་དགོངས་ཏེ་སྤྱོན། སྤྲིན་ལྟར་གཏིབ་ཅིང་ཆར་ལྟར་འབེབས། གློག་ལྟར་འགྱུ་ཞིང་ཐོག་ལྟར་འཕྲོ། རྨད་བྱུང་མཆོད་པའི་ལྷ་སྟེགས་ལ། མ་ཐོག་མྱུར་དུ་གཤེཌ་སུ་གསོལ།རྟ་རིང་། མཆོད་ནི་གསེར་དང་གཡུ་ཡིས་མཆོད། བརྔན་ནི་གཡག་དང་ལུག་གིས་བརྔན། བསང་ནི་མཁན་དང་ཤུག་པས་བསང་། གསོལ་ནི་ཞལ་ཟས་ཕུད་ཀྱིས་གསོལ། མཆོད་པའི་ཚོགས་ལ་བྱིན་གྱིས་རློབས། བདག་ལ་མཐུ་དབང་དངོས་གྲུབ་རྩོལ། གཡུང་དྲུང་བསྟན་པ་སྤེལ་བ་དང་། གྱེར ལས་རྣམས་མྱུར་དུ་གྲུབ་པར་མཛོད། གདན་འདིར་སྤྱན་འདྲེན་གཤེགས་སུ་གསོལ། གདན་འདིར་སྤྱན་འདྲེན་གཤེགས་སུ་གསོལ། གདན་འདིར་སྤྱན་འདྲེན་གཤེགས་སུ་གསོལ། གྱེར་དབྱངས། བསྭོ་དེ་རིང་སྲིད་པའི་བོན་པོ་ཡིས། རིགས་སུ་མཆོད་པའི་ལྷ་གསོལ་ཞིང་། སྐད་འཛམ་གླིང་སྤྱི་བསང་ལྟར་ཏུ། སྐྱོབས་པའི་མགོན་དུ་གསས་འབོད་ན། སྲིད་པའི་ལོ་རྒྱུས་ཁུང་ནས་གྱེར། དང་པོ་མ་སྲིད་ཐོག་མ་ལ། ཅི་ཡང་མེད་པའི་སྟོང་པ་ལ། ཡེ་སྲིད་འཕྲུལ་གྱི་རྒྱལ་པོ་ཡིས། བདེ་གཤེགས་ཐུགས་རྗེའི་ཞིང་ས་དང་། གདུལ་བྱ་ཐར་པའི་འགྲམ་གཞི་རུ། སྟོང་གསུམ་སྲིད་པའི་འཇིག་རྟེན་བཀོད། བསྐལ་སྲིད་འབྱུང་བའི་ཆགས་ལ་བཏབ། སྐོས་པའི་སྨོན་ལམ་སོ་སོར་མཛད། གཉེར་འཛིན་ཕོ་ཉ་སོ་སོར་བསྒོས། རི་རབ་ལྷུན་པོ་ལྷོའི་ཕྱོགས། གླིང་བཞིའི་མཆོག་གྱུར་འཛམ་བུ་གླིང་། གངས་ཅན་ཡུལ་གྱི་ཤར་གྱི་ཕྱོགས། མདོ་ཁམས་འབྲི་ཟླ་ཟལ་མོའི་སྒང་། ཡུལ་ནི་ནགས་ཤོད་ཨཛིཏ་ལུང་། ཆུ་ནི་ལྷོ་བགྲོད་ཉག་ཆུའི་འགྲམ། རི་ནི་ལྕགས་མདུད་སྲིབ་ནགས་རི། དབྱིབས་ནི་ལས་བཞིའི་ཚུལ་དུ་ཆགས། རྩ་བ་མི་འགྱུར་བརྟན་པར་ལ། པདྨ་འདབ་བརྒྱད་འཁོར་ཡུག་མཛེས། ལྷུན་སྡུག་མཆོང་རི་སྨུག་པོ་ལ། བཀྲ་ཤིས་རྟགས་བརྒྱད་རྒྱན་དུ་བཀོད། རྩེ་མོ་དགུང་སྔོན་འཁོར་ལོའི་རྩིབ། ཉི་ཟླ་སྐར་གསུམ་ཀླད་ནས་འཁོར། སྟེང་ནས་སྤྲིན་དཀར་ཐིབས་སེ་ཐིབས། ཤར་ནས་ཉི་ཟླ་ཀྱི་ལི་ལི། བྱང་ནས་འབྲུག་སྒྲ་ལྡི་རི་རི། ནུབ་ནས་གློག་དམར་ཁྱུགས་སེ་ཁྱུགས། ལྷོ་ནས་ཁུ་འཕང་ཤར་ར་ར། འདབས་ནས་ཆུ་བོ་འུ་རུ་རུ། ཀླད་ནས་རྒོད་ཀླག་ཁོ་རོ་རོ། གཡས་ནས་རི་དྭགས་སྲོངས་སེ་སྲོངས། གཡོན་ནས་གཅན་གཟན་ཁྲ་ལ་ལ། ལོགས་ནས་ནགས་ཚལ་ཐིབས་སེ་ཐིབས། བར་མཚམས་རྫ་སྤང་ཝལ་ཏེ་ཝལ། ཟུར་ནས་གཙང་ཆབ་ལྷུངས་སོ་ལྷུངས། གཡུང་དྲུང་གསང་བ་ཐུགས་ཀྱི་དབྱིངས། གདུལ་བྱའི་དཔལ་དུ་སྣང་བའི་གཟུགས། རི་ཆེན་དེ་ཡི་རྩེ་མོ་ལ། ཡེ་ཤེས་ལྷ་ཚོགས་འཇའ་ལྟར་གསལ། རི་སྐེད་སུམ་ཆའི་དབུས་མ་ལ། རྫུ་འཕྲུལ་ལྷ་ཚོགས་སྐར་ལྟར་ཤར། རི་འདབས་སུམ་ཆའི་མན་ཆད་ལ། ལས་ཀྱི་ལྷ་ཚོགས་སེར་ལྟར་འདྲིལ། དེ་འདྲ་རི་ཡི་ཁོང་སེང་ནི། མ་བསྐྱིལ་གཡུ་མཚོ་འཁྱིལ་པའི་ཀློང་། རིན་ཆེན་ལས་གྲུབ་སྐུ་མཁར་བརྗིད། རྩ་བ་རྒྱ་མཚོའི་གཏིང་ལ་ཐུག རྩེ་མོ་དགུང་སྔོན་དབྱིངས་སུ་སླེབས། བྱ་འདབས་བར་སྣང་ཁམས་སུ་འཁྱིལ། ཤར་ཕྱོགས་དུང་འོད་ལྷངས་སོ་ལྷངས། བྱང་ཕྱོགས་གཡུ་འོད་རོངས་སོ་རོངས། ནུབ་ཕྱོགས་ཟངས་འོད་ཟངས་སོ་ཟངས། ལྷོ་ཕྱོགས་མཐིང་འོད་ཏངས་སེ་ཏངས། གསེར་གྱི་བ་གཾ་ཝལ་ཏེ་ཝལ། ཟངས་ཀྱི་སྒོ་མོ་ཁྲིགས་སོ་ཁྲིགས། ལྕགས་ཀྱི་ཐ་རཾ་སི་ལི་ལི། སྟག་ཁྱི་གཟིག་ཁྱི་ཐ་ལ་ལ། སྐུ་མཁར་དེ་ཡི་ནང་ཤེད་དུ། རིན་པོ་ཆེའི་ཁྲི་སྟེང་ན། ཡུལ་སའི་རྒྱལ་པོ་རྫུ་འཕྲུལ་ཅན། སྐྱོབས་འབྱིན་གཉེན་པོ་མཐུ་བོ་ཆེ། སྐུ་མདོག་དམར་སྨུག་འོད་དང་ལྡན། རལ་པ་ཁམས་ནག་གྱེན་དུ་འཁྱིལ། སྤྱན་མིག་དམར་པོ་ཐུར་དུ་བསྒྲད། སྟག་གཟིག་དོམ་གྱི་ན་བཟའ་དང་། ཟ་འོག་བེར་ཆེན་སྐུ་ལ་གསོལ། མེ་ཏོག་ཕྲེང་བའི་སྐེད་ཆིངས་ཅན། ཤེལ་དང་མུ་ཏིག་མགུལ་ཆུ་སོགས། རིན་པོ་ཆེའི་རྒྱན་གྱིས་བརྒྱན། ཕྱག་གཡས་མི་ནུབ་རྒྱལ་མཚན་དང་། གཡོན་པས་བདུད་རྩིའི་བུམ་པ་བསྣམས། གཡུང་དྲུང་བོན་གྱི་ཁ་འཛིན་ཞིང་། བསྟན་འགྲོའི་དཔལ་གྱི་དངོས་གྲུབ་སྟེར། ཁྱེད་ནི་ཞི་བར་བཞུགས་ཙམ་ན། མི་དཀར་དུང་གི་ཐོར་ཚུགས་ཅན། སྐུ་ལ་དར་དཀར་བོར་ཐུལ་གསོལ། དབུ་ལ་ཡིད་བཞིན་ནོར་བུ་ཐོགས། མུ་ཏིག་ཚོམ་བུའི་སྙན་ཆ་དང་།ཐུགས་ཀ་གསེར་གྱི་གཡུང་དྲུང་བརྒྱན། ཕྱག་གཡས་བདུད་རྩིའི་བུམ་པ་དང་། གཡོན་པ་མཉམ་བཞག་སྐྱིལ་ཀྲུང་བཞུགས། ཡང་ཅིག་དྲག་པོར་ཁྲོས་ཙམ་ན། སྐུ་མདོག་སྨུག་ནག་གོ་ཞུབ་ཅན། སྤྱན་ནི་སྡང་མིག་གློག་དམར་འཁྱུགས། སྙན་ནས་ཐུག་ཆོམ་འབྲུག་སྒྲ་སྒྲོགས། ཤངས་ནས་ང་རྒྱལ་རླུང་ནག་འཚུབས། ལྗགས་ལས་བསྐལ་པའི་སེར་ཆེན་འབེབས། མཆྭེ་བ་གངས་རི་བསྣོལ་མར་གཙིགས། སྨ་ར་ཨག་ཚོམ་མེ་ལྟར་འབར། རལ་པ་སྤྲུགས་པའི་སྐྲ་གསེབ་ནས། ནད་དང་རིམ་གྱི་ས་བོན་འཐུལ། ཕྱག་གཡས་གནམ་ལྕགས་ཐོ་ཆེན་བསྣམས། དགྲ་བགེགས་དམ་ཉམས་སྤྱི་ནས་འཇོམས། ཕྱག་གཡོན་བ་དན་ནག་པོ་ཕྱར། སྡེ་བརྒྱད་མ་ལུས་ལས་ལ་བསྐུལ། ཆིབས་སུ་ཅང་ཤེས་འཕྲུལ་གྱི་རྟ། རྐྱང་ནག་གཡུ་མདངས་ཁ་དཀར་ཞོན། ཞིང་ཆེན་མཉེན་པའི་སྟན་གྱི་སྟེང། པ་ཏྲ་འཁྱུག་པའི་གསེར་སྒ་བསྟད། དར་གྱི་གོང་ཐག་མཛེས་པ་ལ། དམར་གསལ་ཕུན་ཕུན་རབ་ཏུ་གསོལ། སྟག་གི་སྨད་ཆེན་སྨད་ཆུང་ལ། ཀེང་རུས་ཕོག་བུའི་ཚོམ་བུ་ཅན། སྟག་གཟིག་སྒ་གཡོག་ཁྲ་ལ་ལ། ལྕགས་ཀྱི་མཐུར་སྲབ་སི་ལི་ལི། གསེར་གྱི་ཡོབ་ཆེན་ཀྱི་ལི་ལི། དར་ནག་འཕུར་ཤམ་ལྷབས་སེ་ལྷབས། འཛམ་གླིང་སྐད་ཅིག་ཡུད་ལ་བསྐོར། དཔལ་མགོན་སྡེ་བརྒྱད་ལས་ལ་བསྐུལ། འཇིག་རྟེན་དྲེགས་ཚོགས་འཁོར་གྱིས་བསྐོར། ལུས་སུ་གཡུང་དྲུང་བོན་བསྟན་སྐྱོངས།༧ གཙོ་འཁོར་སྤྲུལ་པ་བཀའ་ཉན་བཅས། འདིར་གཤེགས་དགྱེས་པའི་མཆོད་པ་བཞེས། མཐུ་རྩལ་དབང་དང་དངོས་གྲུབ་བརྩོལ། ཅི་བཅོལ་ཕྲིན་ལས་འགྲུབ་པར་མཛོད།

༈བསྭོ སྐྱོབས་འབྱིན་གཉེན་པོའི་གསང་བའི་ཡུམ། མཚོ་སྨན་རྒྱལ་མོ་བྱ་བ་སྟེ། ཁྱེད་ཀྱི་གནས་ནི་ཡ་མཚན་ཅན། མ་བསྐྱིལ་རང་བྱུང་བླ་མཚོ་འཁྱིལ། གཡུ་མཚོ་སྔོན་མོ་གཏིང་རེ་ཟབ།

རླབས་དཀར་གཡོ་མེད་མདངས་རེ་གསལ། པད་མོའི་དགའ་ཚལ་རྒྱ་རེ་ཆེ། ཡིད་འོང་ཉམས་དགའ་དྭང་རེ་སྤྲོ། ཆུ་རྟ་མཚོ་དང་སི་ལི་ལི། ཆུ་གླང་ངུར་དང་དི་རི་རི། གསེར་ཉ་འགྱུ་དང་ཀྱི་ལི་ལི། ངང་ངུར་རྩེ་དང་ཁྲ་ལ་ལ། སྟེང་ན་སྤྲིན་དཀར་བུན་མ་བུན། བར་སྣང་གློག་འོད་གྱ་མ་གྱུ། གཡུ་འབྲུག་སྐད་སྙན་ཟང་མ་ཟིངས། བདུད་རྩིའི་ཆར་རྒྱུན་ཤག་མ་ཤིག གཡུ་མཚོ་


༼གནས་ཆེན་སྐྱོབས་འབྱིན་དྲེགས་པ་མཐུ་ཆེན།༽༼ཐང་ག༽

མེར་བའི་དབུས་དཀྱིལ་ནས། ཤེལ་གྱི་གུར་དཀར་འོད་དུ་འབར། གཡུ་ཡི་ཆོན་ཐག་ན་ར་ར། གསེར་གྱི་ཆན་ཕུར་ཁྲ་ལ་ལ། དུང་གི་ཆོན་ཤིང་ཝ་ལ་ལ། རིན་ཆེན་ཏོག་མཛེས་ཡ་ལ་ལ། ཤེལ་གུར་དེ་ཡི་ནང་ཤོད་དུ། ལྷ་རྫས་བཀོད་པ་མཛེས་པའི་དབུས། མཚོ་སྨན་རྒྱལ་མོ་འོད་ལྡན་མ། སྐུ་མདོག་དཀར་ལ་ཟླ་བའི་མདངས། མཛེས་ཤིང་ཡིད་འོང་ལྷ་མོའི་གཟུགས། དབུ་ལ་གསེར་གཡུ་མེ་ཏོག་བརྒྱན། སྐུ་ལ་ཆུ་དར་ན་བཟའ་གསོལ། ཕྱག་གཡས་དངུལ་དཀར་བུམ་པ་འཛིན། ཕྱག་གཡོན་སྦྲུལ་གྱི་ཞགས་པ་བསྡོག ཆིབས་སུ་གཡུ་འབྲུག་སྔོན་པོ་བཅིབས། གསུང་སྙན་ཁུ་བྱུག་ཕྲག་ལ་ལྡིང་། འཁོར་དུ་མཚོ་སྨན་དུ་མས་བསྐོར། མཛེས་པའི་གར་བསྒྱུར་ཡིད་དབང་འཕྲོག སྦ་དཀར་གླིང་བུས་སྙིང་ཆུ་བསྒུལ། བྱམས་པའི་སྐྱེ་གདུང་གཡོལ་བ་མེད། ཅི་འདོད་དཔལ་གྱི་དངོས་གྲུབ་སྟེར། གཙོ་འཁོར་སྤྲུལ་པ་བཀའ་ཉན་བཅས། འདིར་གཤེགས་དགྱེས་པའི་མཆོད་པ་བཞེས། མཐུ་རྩལ་དབང་དང་དངོས་གྲུབ་རྩོལ། ཅི་བཅོལ་ཕྲིན་ལས་འགྲུབ་བར་མཛོད།
༈ བསྭོ སྐྱོབས་འབྱིན་ཆེན་པོའི་རུ་འདྲེན་པ། མཚོ་ཡག་སྤུན་གསུམ་བྱ་བ་སྟེ། ཆེ་བ་མི་དཀར་རྟ་དཀར་ཅན། ཕྱག་གཡས་དངུལ་དཀར་གཤང་ཆུང་དང་གཡོན་པས་གཏེར་གྱི་བུམ་པ་བསྣམས། འབྲིང་བ་མི་དམར་རྟ་དམར་ཅན། གཡས་པས་རལ་གྲི་བསམ་ཆེད་དང། གཡོན་པས་བ་དན་ལྕེ་བརྒྱད་ཕྱར། ཆུང་བ་མི་ནག་རྟ་ནག་ཅན། གཡས་པས་གནམ་ལྕགས་རལ་གྱུ་དང་། གཡོན་པས་རླུང་གི་ཞགས་པ་བསྣམས། ཐམས་ཅད་སྟག་ཆས་གོ་ཞུབས་ཅན། གཉན་བཙན་དྲེགས་ཚོགས་འཁོར་དུ་བསྐོར། དོམ་དང་དྲེད་ལ་ཁལ་དུ་འགོལ། མཚོ་སྨན་མང་པོར་རོལ་ཞིང་རྩེ། ཅི་བཅོལ་ལས་ལ་ཐོགས་པ་མེད། གཙོ་འཁོར་སྤྲུལ་པ་བཀའ་ཉན་བཅས། འདིར་གཤེགས་དགྱེས་པའི་མཆོད་པ་བཞེས། མཐུ་རྩལ་དབང་གི་དངོས་གྲུབ་བརྩོལ། ཅི་བཅོལ་ཕྲིན་ལས་འགྲུབ་བར་མཛོད།
 ༈ བསྭོ སྐྱོབས་འབྱིན་གཉེན་པོ་མཐུ་བོ་ཆེ། གཡས་ཀྱི་སྐུ་བརྟེན་རྒྱ་སྟག་མཆོད། གཅེན་པོ་ལྷ་བཙན་ཞི་འཛུམ་ཅན། དཀར་གསལ་དར་དང་རིན་ཆེན་བརྒྱན། ཕྱག་ན་དར་མདུང་ཚེ་བུམ་བསྣམས། ཆིབས་སུ་རྟ་དཀར་འཕུར་ཤེས་བཅིབས། དེ་འོག་གཉན་བཙན་ཞྭ་དཀར་ཅན། སྐུ་མདོག་སེར་ལ་གཟན་ཤམ་གསོལ།ཕྱག་ན་རྔ་གཤང་ཨུང་དྲག་བསྣམས།ཆིབས་སུ་གསེར་རྟ་སེར་པོ་བཅིབས། དེ་འོག་ཀླུ་བཙན་ཁྲོ་ཆགས་འཛུམ། དམར་གསལ་བེར་ཅན་ཁྱུང་གཤོག་གདོངས། ཕྱག་ན་ལྕགས་ཀྱུ་ཞགས་པ་བསྣམས། ཆིབས་སུ་ཁྲུང་ཁྲུང་དཀར་མོ་བཅིབས། གཅུང་པོ་བྲག་བཙན་ཁྲོ་གཏུམ་ཅན། མི་ནག་ལྕགས་ཀྱི་གོ་ཁྲབ་གསོལ། ཕྱག་ན་མདུང་དང་དགྲ་སྙིང་བསྣམས། ཆིབས་སུ་བདུད་རྟ་ནག་པོར་བཅིབས། འཁོར་དུ་གཉན་ཕྲག་མང་པོས་བསྐོར། རྣམས་བཞིའི་ཕྲིན་ལས་མ་ལུས་སྒྲུབ། གཙོ་འཁོར་སྤྲུལ་པ་བཀའ་ཉན་བཅས། འདིར་གཤེགས་དགྱེས་པའི་མཆོད་པ་བཞེས། མཐུ་རྩལ་དབང་དང་དངོས་གྲུབ་སྩོལ། ཅི་བཅོལ་ཕྲིན་ལས་འགྲུབ་བར་མཛོད།
  ༈བསྭོ་སྐྱོབས་འབྱིན་དྲེགས་པ་མཐུ་ཆེན་གྱི། གཡོན་གྱི་སྐུ་བརྟེན་དགེ་གཉེན་ཆེ། དུང་ལོ་གཉེན་པོ་བྱ་བ་སྟེ། སྐུ་མདོག་དམར་ལ་འོད་ཟེར་འབར། སྐུ་ལ་དགེ་གཉེན་ཆས་དང་ལྡན། དབུ་ལ་བསྭོ་ཡི་ཞྭ་ཐེབས་དང་། ཞབས་ལ་གསེར་གྱི་ལྷྭམ་ཟུངས་མནབ། ཕྱག་གཡས་ཁ་ཊཾ་རྩེ་གསུམ་དང་། གཡོན་པས་དུང་ཕོ་ཨུང་དྲག་བསྣམས། ཆིབས་སུ་དུང་གླང་དཀར་པོ་བཅིབས། འཁོར་དུ་ཡུལ་ལྷ་དུ་མས་བསྐོར། བསྟན་འགྲོར་ཕན་བདེའི་ལེགས་ཚོགས་སྤེལ། གཙོ་འཁོར་སྤྲུལ་པ་བཀའ་ཉན་བཅས། འདིར་གཤེགས་དགྱེས་པའི་མཆོད་པ་བཞེས། མཐུ་རྩལ་དབང་དང་དངོས་གྲུབ་སྩོལ ། ཅི་བཅོལ་ཕྲིན་ལས་འགྲུབ་པར་མཛོད།
  ༈ བསྭོ སྐྱོབས་འབྱིན་ཆེན་པོའི་རྗེས་འགེབ་པ། ཙི་ར་གཉེན་པོ་བྱ་བ་སྟེ། སྐུ་མདོག་སྔོ་ལ་འོད་ཟེར་འབར། དབུ་ལ་རིན་ཆེན་ཐོར་ཚུགས་ཅན། སྐུ་ལ་བྱ་རྒོད་བེར་ཐུལ་གསོལ། གཡས་པས་རླུང་གི་འཁོར་ལོ་དང་། གཡོན་པས་རླུང་གི་ཞགས་བ་བསྣམས། ཆིབས་སུ་རླུང་རྟ་འཕྲུལ་མོར་བཅིབས། འཛམ་གླིང་མཐའ་དབུས་ཡུད་ལ་བསྐོར། འཁོར་དུ་ཡུལ་བཙན་དུ་མས་བསྐོར། མྱུར་མགྱོགས་ལས་ལ་ཐོགས་པ་མེད། གཙོ་འཁོར་སྤྲུལ་པ་བཀའ་ཉན་བཅས། འདིར་གཤེགས་དགྱེས་པའི་མཆོད་པ་བཞེས། མཐུ་རྩལ་དབང་དང་དངོས་གྲུབ་སྩོལ། ཅི་བཅོལ་ཕྲིན་ལས་འགྲུབ་བར་མཛོད།
   ༈ བསྭོ སྐྱོབས་འབྱིན་ཆེན་པོའི་བློན་པོ་ནི། སྐོས་ཡག་གཉེན་པོ་བྱ་བ་སྟེ། དཀར་དམར་མདངས་ལྡན་གཟི་བརྗིད་ཅན། སྐུ་ལ་དུང་ཁྲབ་ཤེལ་མེ་དང། ལྕགས་རྨོག་རྒོ་འཕྲུལ་བརྒྱན་པ་གསོལ། སྦ་ཕུབ་འཁོར་གསུམ་ཕོ་ཆས་སྤྲས། ཕྱག་ན་སྲིད་པའི་བ་དན་དང་། གནམ་ལྕགས་ཨུར་མོའི་དབལ་མདུང་ཐོགས། ཆིབས་སུ་རྟ་མཆོག་ངང་སེར་ཞོན། སྟག་ཤར་ཞུབས་ཅན་དུ་མས་བསྐོར། རྒོད་ཀླག་ཁྲ་སྤྱང་རོལ་དུ་ཁྲིད། ལེགས་ཉེས་ཀུན་གྱི་སྟངས་ཡང་འཛིན། གཙོ་འཁོར་སྤྲུལ་པ་བཀའ་ཉན་བཅས། འདིར་གཤེགས་དགྱེས་པའི་མཆོད་པ་བཞེས། མཐུ་རྩལ་དབང་དང་དངོས་གྲུབ་སྩོལ། ཅི་བཅོལ་ཕྲིན་ལས་འགྲུབ་བར་མཛོད།
   ༈ བསྭོ སྐྱོབས་འབྱིན་ཆེན་པོའི་དམག་དཔོན་ནི། དར་འཛིན་རི་ལོ་བྱ་བ་སྟེ། མི་དམར་ལྕགས་ཀྱི་རལ་པ་ཅན། དུང་རྨོག་དཀར་པོ་དབུ་ལ་གྱོན། ལྕགས་འཕྲུལ་རྒོད་འཕྲུལ་ཤིགས་སེ་ཤིགས། བསྭོ་ཁྲབ་དམར་པོ་སྐུ་ལ་མནབ། ཕྱག་གཡས་དར་མདུང་མཁའ་ལ་ཕྱར། གཡོན་པས་ལྕགས་གཞུ་ལྕགས་མདའ་བསྣམས། སྟག་རལ་གཡས་ལ་གཟིག་ཤུབ་གཡོན། ཆིབས་སུ་རྒྱ་སྟག་དམར་པོ་བཅིབས། འཁོར་དུ་གཉེན་ཆེ་སྡེ་བཞིས་བསྐོར། ནན་ཏར་འཁྲོས་ཤིང་འཚིགས་པའི་ཚེ། སྟེང་གི་ཕྱོགས་ནས་བསྐུལ་བ་ནི། ལྷ་ཡི་དམག་ཚོགས་སྤྲིན་ལྟར་གཏིབ། བར་སྣང་ཁམས་ནས་བསྐུལ་བ་ན། རྫུ་འཕྲུལ་དམག་ཚོགས་གློག་ལྟར་འཁྱུག ས་གཞིའི་ཁམས་ནས་བསྐུལ་བ་ན། འཇིག་རྟེན་དམག་ཚོགས་རླུང་ལྟར་འཚུབ། འོག་གི་ཕྱོགས་ནས་བསྐུལ་བ་ན། ཀླུ་དམག་མང་པོ་ཆུ་ལྟར་བྲུག ཕྱོཌ་བཞི་མཚམས་བརྒྱད་བསྐུལ་བ་ན། སྡེ་བརྒྱད་དྲེཌ་ཚོཌ་སེར་ལྟར་འདྲིལ། དམག་སྣ་འདྲེན་པའི་མཐུ་བོ་ཆེ། ལ་ལས་ལྕགས་ཀྱུ་སྟྭ་མོ་བསྣམས། ལ་ལས་མེ་རླུང་ཐོགས་མདའ་ཐོགས། ལ་ལས་རལ་གྲི་འཇོ་ཆེན་ཕྱར། ལ་ལས་ནད་རྐྱལ་སྦྲུལ་ཞགས་བསྣམས། དྲག་ཤུལ་ལས་ལ་ཐེགས་པ་མེད། གཙོ་འཁོར་སྤྲུལ་པ་བཀའ་ཉན་བཅས། འདིར་གཤེགས་དགྱེས་པའི་མཆོད་པ་བཞེས། མཐུ་རྩལ་དབང་དང་དངོས་གྲུབ་སྩོལ། ཅི་བཅོལ་ཕྲིན་ལས་འགྲུབ་བར་མཛོད།
   ༈ བསྭོ སྐྱོབས་འབྱིན་གཉེན་པོའི་སྲིང་གཅིག་ནི། ལྷ་མོ་སྨིན་རྔམ་བྱ་བ་སྟེ། སྐུ་མདོག་མཐིང་གསལ་ནམ་མཁའི་མདོག ལྷབ་ལྷུབ་དར་བཟའ་ནབ་བཟའ་གསོལ། དབུ་ལ་ཡིད་བཞིན་ནོར་བུ་དང་། གསེར་གཡུ་མུ་ཏིག་དྲ་བས་བརྒྱན། ཕྱག་གཡས་མདའ་དར་སྣ་ལྔ་དང་། གཡོན་པས་སྦ་དཀར་གླིང་བུ་ཐོགས། བྱ་རྒོད་ཐང་དཀར་ཆིབས་སུ་བཅིབས། གླུ་གར་རོལ་མོ་ཅི་ཡང་བསྒྱུར། འཁོར་དུ་སྨན་བཙུན་གྲངས་མེད་བསྐོར། ཕྱྭ་གཡང་དཔལ་གྱི་དངོས་གྲུབ་སྟེར། གཙོ་འཁོར་སྤྲུལ་པ་བཀའ་ཉན་བཅས། འདིར་གཤེགས་དགྱེས་པའི་མཆོད་པ་བཞེས། མཐུ་རྩལ་དབང་གི་དངོས་གྲུབ་སྩོལ། ཅི་བཅོལ་ཕྲིན་ལས་འགྲུབ་པར་མཛོད། ངོ་མཚར་དགྱེས་པའི་མཆོད་པ་བཞེས། ངོ་མཚར་དགྱེས་པའི་མཆོད་པ་བཞེས། ངོ་མཚར་དགྱེས་པའི་མཆོད་པ་བཞེས།


༼སྐྱོབས་འབྱིན་གཙོ་འཁོར་བཅུ་གསུམ་གྱི་འབག་འཆམ།༽ ༼མི་ནུབ་དགོན། ༽

དབྱངས་གྱེར། 
 བསྭོ སྲིད་པ་རྒྱུད་ལས་གྲོལ་བ་ཡིས། ལྷ་རྒོད་གཉེན་པོ་མཐུ་བོ་ཆེ། རྟ་རིང སྐྱོབས་འབྱིན་དྲེགས་པ་སེང་ཆེན་རྒྱལ། བཀའ་ཉན་ལས་བྱེད་དཔུང་དང་བཅས། བཀྲ་ཤིས་ལྷ་གཞིའི་ཡང་གོང་འདིར། ཡེ་མཁྱེན་བདག་གིས་ལྷ་བདར་ན། མངོན་ཤེས་ཐུགས་ཀྱིས་མྱེན་པར་གསོལ།རྟ་ཐུང བསྭོ་སྔོན་མཚན་བསྐལ་པ་དང་པོ་ལ། གནམ་ལྷ་གར་རྟེན་གསུམ་བྱོན་ས་ལ་འདྲེ་སྲིན་བྱུར་གསུམ་མནན། མི་སྨྲ་གཤེན་གསུམ་མགོན་དུ་སྲིད། དེ་ཚེ་དེ་ཡི་དུས་ཙམ་ན། སྲིད་པ་ཡེ་སྨོན་རྒྱལ་པོ་དང་། འཕྲུལ་ཟ་ཆུ་ལྕམ་རྒྱལ་མོ་ལ། ངམ་བདུད་ནག་པོས་འཚེ་བའི་སྐབས། ཁ་འཛིན་ཡེ་གཤེན་དབང་རྫོགས་ཀྱིས།ཟེ་དོར་སྨོན་མི་དཀར་པོ་དང་། ཡུལ་ལྷ་ཏེའུ་དཀར་ལྷ་རུ་བདར། མཆོད་ཅིང་བརྔན་པའི་ཡོན་ཏན་གྱིས། ཡེ་སྨོན་མི་ནོར་གཡས་སུ་རྒྱལ། ངམ་བདུད་ནག་པོ་གཡོན་དུ་ཕམ། དེ་ནས་ད་ལྟའི་བར་དག་ཏུ། གོང་ན་གཉན་པའི་ལྷ་རབས་དང་། འོག་ན་མཆོད་པའི་མི་བུ་གཉིས། མགོན་དང་སྐྱབས་སུ་འབྲེལ་བ་བྱུང་། སྲིད་པ་དེ་ཡི་བཟང་སྲོལ་བཞིན། དེ་རིང་ལེའུ་ལྷ་བོན་གྱིས། དགྲ་གདོན་འབྱུང་པོ་འདུལ་བ་དང་། མི་ནོར་ཟས་གསུམ་སྤེལ་བ་དང་། བསྟན་པའི་ཕྲིན་ལས་སྒྲུབ་པ་དང་། ཅི་བསམ་དོན་རྣམས་འགྲུབ་པའི་ཕྱིར། སྲིད་པའི་ཡུལ་ལྷ་སྤྱན་འདྲེན་ན། ཁ་སྟོང་མགྲོན་དུ་མི་འབོད་དེ། ལག་སྟོང་གཡབ་ཀྱི་མི་འདོར་ན། གོང་ན་ལྷ་གཞི་གཉེན་པའི་མདུན། མཆོད་པའི་ཡོན་དུ་མི་ཆུང་བའི། ངོ་མཚར་དགྱེས་པའི་མཆོད་པ་ནི། ཚན་ཆབ་ཨ་རྒང་སྦྲེང་བཞིན་དུ། ཚངས་པའི་སྤོས་ཀྱིས་མདུན་བདར་ནས། ལྷ་ཤིང་དུད་སྤྲིན་ནམ་མཁའི་བཀང་། དགྱེས་པའི་ལོངས་སྤྱོད་ཆར་དུ་འབེབས། ཇ་ཆང་འོ་ཞོའི་རྒྱ་མཚོ་བསྐྱིལ། ཕྱེ་མར་སྨན་འབྲུའི་ཐང་མར་བདལ། སྙུག་རྒོད་དར་བརྒྱན་བལ་ཚོན་ལྔ། དཀར་དམར་བཟའ་བཅའ་འབྲང་རྒྱས་བཤེས། ཤེལ་ཚིག་དུང་རྩེ་གོ་ཁྲབ་མཚོན། བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན། དཔལ་བསམ་ཤིང་དང་བདུད་རྩིའི་མཚོ། ངོ་མཚར་སྲིད་ན་ཆེ་བའི་ནོར། ཁྱུང་འབྲུག་སྟག་སེང་གཡག་ལུག་ར། རི་གཡང་བྱ་གཅན་དཀོར་ནོར་སོགས། ལྷ་མིའི་འདོད་ཡོན་ཇི་སྙེད་པ། དངོས་འབྱོར་ཡིད་ལས་སྤྲུལ་ནས་ཀྱང་། མཛེས་པའི་གར་གྱི་སྟབས་དང་བཅས། ལྷ་རབས་གཉེན་པོ་གོང་དུ་མཆོད། དགྱེས་པས་དགོངས་ཏེནབཞེས་སུ་གསོལ། སྔ་བཅོལ་ལས་ཀྱི་གཏོང་རག་དང་། ཕྱི་བཅོལ་དགོས་པའི་གཉེར་ཟས་དང་། ལོ་ཟླ་ཞག་གི་དུས་མཆོད་འབུལ། ཐུག་དམ་དབྱིངས་སུ་མཉེས་གྱུར་ཅིག དམ་ཚིག་ཉམས་ན་དབྱིངས་སུ་བསྐང་། དུས་མཆོད་ཆགས་ན་མཆོད་པས་གསོ། ཐུག་དམ་འགལ་ན་ཞི་བས་བཤགས། བྱང་དག་ཚངས་པའི་དངོས་གྲུབ་བསྩོལ། དམོ་མུག་ནལ་དང་ཐབ་གཞོབ་འཁོན། རོ་བག་མནའ་ཡུག་དམ་གྲིབ་སོགས། སྨེ་མནོལ་དམུ་གབ་གང་མཆིས་པ། བསང་ཁྲུས་བདེན་པས་དག་གྱུར་ཅིག དཀོན་མཆོག་རྩ་གསུམ་སྲུང་མ་བཅས། བདེན་དང་བྱིན་རླབས་ནུས་མཐུ་ཡིས། ལྷ་ལྔའི་དབུ་འཕང་དགུང་དུ་བསྟོད།དཔལ་འབྱོར་ཕུན་སུམ་ཚོགས་པར་ཤོག བདག་ཅག་མི་ནོར་རིགས་བརྒྱུད་ལ། སྐྱོབ་པའི་ལྷ་རུ་སྲུང་བཀོད་ན། རྨད་སྡུག་དབུལ་གསུམ་ཕྱིར་ལ་ཕུད། བདེ་སྐྱིད་དཔལ་གསུམ་རྒྱས་པར་མཛོད། འདི་ནས་དུས་རྣམས་ཐམས་ཅད་དུ། ལྷ་དང་མི་རུ་མི་འབྲལ་བར། བཀྲ་ཤིས་གཞུག་ལེགས་གཏའ་འཛུག་ན། བརྟན་པར་བཞུགས་ནས་སྡོང་རོགས་མཛོད། བདུད་སྡེའི་འབྱུང་པོ་མར་ལ་ཕམ། དཀོར་རོགས་ལྷ་རྣམས་ཡར་ལ་རྒྱས། ཕུན་ཚོཌ་དགེ་ལེཌ་ཨེ་མ་ཧོ། གྱེར ཀི་བསྭོ་ཆའོ་ལྷ་རྒྱལ་ལོ། རྔ་བསྡུང ཀི་བསྭོ་ཆའོ་ལྷ་རྒྱལ་ལོ། ཀི་བསྭོ་ཆའོ་ལྷ་རྒྱལ་ལོ། ཀི་བསྭོ་ཆའོ་ལྷ་རྒྱལ་ལོ། གྱེར་དབྱངས བསྭོ་ཡུལ་ལྷ་དྲེགས་པ་ཀུན་གྱི་གཙོ། ལྷ་བཙན་བདུད་ཀྱི་དགེ་གཉེན་ཆེ། གཙོ་འཁོར་སྤྲུལ་པ་བཅས་རྣམས་ལ། ཕྲིན་ལས་དམ་པ་གསོལ་བ་ནི། སྔོན་མཚན་རྩ་སུམ་ལྷ་གནས་སུ། འཆི་མེད་གསང་འདུས་གཤེན་གསུམ་གྱིས། དབང་སྐུར་བསྭོ་ཡིག་ཅོད་པཎ་བཞག ལྷ་བཙན་གཡུང་དྲུང་རབ་འབར་གསོལ། བར་དུ་ཁྱུང་ལུང་དངུལ་མཁར་དུ། བླ་ཆེན་དྲན་པ་ནམ་མཁའ་ཡི། དམ་བཞག་གཡུང་དྲུང་ཅོད་པཎ་བཏགས། གཉན་བཙན་དགྲ་འདུལ་འབར་བར་གསོལ། ཐ་མར་གངས་ཅན་བོད་ཡུལ་དུ། རིག་འཛིན་ལྕེ་ཚ་མཁར་བུ་ཡིས། མངའ་གསོལ་དར་དམར་ཅོད་པཎ་བཏགས། ཀླུ་བཙན་གཏུམ་པ་ནག་པོར་གསོལ། དེ་ལྟར་ཤོ་ལོ་ཀ་གསུམ་པོ་གསང་སྔགས་གླིང་པའི་ཉམས་སྣང་མ་ཡིག་དང་མཐུན་པར་བྱུང་ངོ་། དེ་ནས་མདོ་ཁམས་ཤར་གྱི་ཕྱོགས། དབྲ་གཏེར་བློ་གྲོས་ཐོགས་མེད་བདག མཐའ་འཁོབ་འདུལ་བའི་དུས་བབ་ཚེ། རིག་ཆེན་རྒྱན་གྱིས་དཔང་ཡང་བསྟོད། ད་ལྟར་ནགས་ཤོད་ཨཛྰིར་ལུང་། གར་དབང་གསང་སྔགས་གླིང་པ་ཡིས། གནས་གཏེར་ཕྲིན་ལས་སྤེལ་བའི་ཚེ། འདོད་འབྱུང་བུམ་པ་མངའ་ཡང་གསོལ། དེང་འདིར་གནམ་ལྕགས་ཡང་རྫོང་ངོས། རྣོ་པར་དབྲ་སྟོན་དཔོན་བློན་ཀྱིས། སྔོན་གྱི་ཐམས་ཅད་བསྐུལ་ནས་ཀྱང་། བསྟན་འགྲོའི་དཔལ་དུ་ཕྲིན་ལས་བཅོལ། ཤོ་ལོ་ཀ་འདི་གཉིས་དབྲ་སྟོན་སྐལ་བཟང་བསྟན་རྒྱལ་ནས་གསར་བཅད་དོ། ། བདག་ནི་རིག་འཛིན་གོང་མའི་རིགས། ཁྱེད་ནི་ལྷ་རབས་གཉན་གྱི་རྒྱུད། དེ་རིང་ལྷ་མི་གདན་བཞིན་ཏུ། དད་དང་དམ་ཚིག་གཅིག་ཏུ་བསྲོ། རྟ་ཐུང་། བསྭོ་སྔོན་ཚེ་བསྐལ་པ་དང་པོ་ལ། གཡུང་དྲུང་བོན་དང་ཐ་ཚིག་ལྷ་བོན་གསས་དང་འབྲེལ་བ་ཟབ། རྣ་འཇོར་བདག་དང་དམ་ཚིག་གཅིག དེ་བས་ཡུལ་ལྷ་གཉེན་པོ་རྣམས། སྔོན་གྱི་རྒྱལ་བའི་བཀའ་མ་བཅག བར་དུ་རིག་འཛིན་དམ་མ་བཀྲལ། ད་ལྟར་རྣ་འཇོར་ལས་མ་གཡོལ། འཕྲུལ་ངག་བདེན་པའི་བཀའ་ལ་ཉོན། གཡུང་དྲུང་བདུད་རྩི་ཆུ་ལ་འཐུང། ཐ་ཚིག་དམ་ལ་མ་འདའ་བར། ཅི་བསམ་དོན་རྣམས་འགྲུབ་བར་མཛོད། གཡུང་དྲུང་བོན་གྱི་བསྟན་པ་སྲུངས། གཤེན་སྡེ་དཔོན་སློབ་དར་རྒྱས་སྤེལ། བསྟན་པའི་དར་ཆེན་མཁའ་ལ་ཕྱོར། དཀར་པོ་དགེ་བའི་སྡོང་་རོགས་མཛོད། བསྟན་སྦྱིན་རྒྱལ་བློན་ཆབ་སྲིད་སྤེལ། འཇིག་རྟེན་དུས་ཀྱི་རྒུད་པ་སེལ། ལོ་ཕྱུག་དཔལ་དང་འབྱོར་པ་སྤེལ། མངའ་རིས་ཞིང་ཁམས་བདེ་བར་མཛོད། ཁྱད་པར་བདག་ཅག་དཔོན་སློབ་ཀྱི། ནད་གདོན་བར་ཆད་དབྱིངས་སུ་སེལ། ཚེ་བསྲིང་དཔལ་སྐྱེད་རིགས་བརྒྱུད་སྤེལ། ཁ་རྗེ་དབང་ཐང་སྙན་གྲགས་སྐྱེད། དགྲ་གདོན་འབྱུང་པོ་རྡུལ་དུ་རློག གཞི་བྱེས་ལམ་གསུམ་གར་གནས་ཀྱང་། ཕུ་ནས་བསྲུང་ལ་མངའ་ནས་སྐྱོར། བཟང་དང་སྤྲོད་ལ་ངན་དང་ཕྱེས། མཐུ་དསུང་སྡོང་རོགས་རྒྱབ་རྟེན་མཛོད། རྟ་རིང་། བདག་ལ་གནོད་ཅིང་འཚེ་བ་ཡི། དགྲ་ལ་རྦད་ན་རྟགས་མ་ཞན། བགེགས་ལ་རྦད་ན་མཐུ་མ་ཆུང་། ལྷ་དམག་དགྲ་ལ་ཐོགས་ལྟར་ཕོབ། དགྲ་དགེགས་ཐལ་བ་རྡུལ་དུ་རློག མདོར་ན་དུས་རྣམས་ཐམས་ཅད་དུ། ལྷ་མིའི་དམ་ཚིག་ལ་བརྟེན་ནས། བདག་གིས་ཇི་ལྟར་ལས་བཅོལ་བའི། བསམ་དོན་མ་ལུས་འགྲུབ་བར་མཛོད། ཀི་བསྭོ་ཆའོ་ལྷ་རྒྱལ་ལོ། ཀི་བསྭོ་ཆའོ་ལྷ་རྒྱལ་ལོ། ཀི་བསྭོ་ཆའོ་ལྷ་རྒྱལ་ལོ། རོལ་མོ་ནི། དགེ་ལེགས་འཕེལ །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1