༄༅།། དུས་རབས་ཀྱི་འཕོ་འགྱུར།

པ་སངས་སྒྲོལ་དཀར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-30


 པ་སངས་སྒྲོལ་དཀར།

ཆུ་འཛིན་དབང་པོ་དགུང་སྔོན་དབྱིངས་སུ་ལྡིང་། །

བཅུད་ལྡན་སྦྲང་ཆར་འཛིན་མའི་ཁྱོན་དུ་ཁྱབ། །

ཐུང་ཐུང་དུས་རབས་གཅིག་གི་མཛད་འཕྲིན་གྱིས། །

འཛམ་གླིང་སྐྱེ་འགྲོའི་ཡིད་དབང་ཅི་དགར་འཕྲོག །

མཚར་མཚར་རླབས་ཆེན་རྒྱལ་ཁའི་གསར་གཏོད་དང་། །

མང་མང་བྱ་བཞག་དབྱར་མཚོ་རྒྱས་མཐོང་ཚེ། །

ལྷུག་ལྷུག་ངག་གི་སྒོ་བར་ལེགས་ཕྱེ་ནས། །

ཡང་ཡང་བསྟོད་གླུ་མི་འཆོར་རང་དབང་ཅི། །

ལང་ལོང་དུས་ཀྱི་འགྱུར་བའི་རླབས་ཕྲེང་ཁྲོད། །

མག་མོག་བགྲོད་པ་མི་བདེའི་སྐབས་སྲིད་ཀྱང་། །

འ་འུར་ཀུན་སེམས་གཅིག་མཐུན་སྐྱ་རེངས་ཀྱིས། །

གསལ་གསལ་རེ་བའི་འོད་སྣང་ཚུར་ལ་བསུས། །

ཟབ་ཟབ་ཚན་རྩལ་འཕྲུལ་གྱི་རྒྱ་མཚོ་ཡི། །

མཐའ་མཐའི་གནས་ལ་དཔྱོད་པའི་གཟིངས་པོ་ཆེས། །

མྱུར་མྱུར་རླབས་ཀྱི་ཕྲེང་བ་བཅད་ཙ་ན། །

རབ་རིབ་གསང་བའི་གནད་ཀུན་ལྷུག་གེར་གྲོལ། །

མཛེས་པའི་སློབ་གླིང་ཀུན་འདུས་ར་བ་རུ། །

མཆོར་སྒེག་ལང་ཚོས་སྙེམས་པའི་སློབ་བུའི་ཚོགས། །

མཁྱེན་བརྩེ་ནུས་པའི་དགེ་ཚོགས་བཤེས་གཉེན་དྲུང་། །

འཆད་རྩོད་རྩོམ་པའི་གནད་ལ་བརྩོན་འདི་སྤྲོ། །

ཐབས་མཆོག་གཞན་གསོས་བུ་མོའི་དབྱངས་དང་འགྲོགས། །

དྲི་བཞོན་བུ་མོ་གང་སར་ལྡང་བའི་མཐུས། །

ཟླུམ་གཟུགས་གོ་ལའི་ཏོག་ཏུ་རབ་མཛེས་པའི། །

རིག་གནས་འཕེལ་རྒྱས་དཔྱིད་དཔལ་ཀུན་ནས་བསུས། །

ཚགས་སུ་ཚུད་པའི་སྨན་བཅོས་སྒྲིག་གཞི་དང་། །

སྤྱོད་ཡོན་གཉིས་ལྡན་ལྷ་རྗེའི་མཛད་པ་ལས། །

ནད་རིགས་བཞི་བརྒྱ་རྩ་བཞིའི་མགོ་གནོན་གྱིས། །

འགྲོ་བའི་ནད་ཀྱི་གདུང་བ་མ་ལུས་སེལ། །

ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་སྲོལ་བཟང་དང་། །

སྤྱི་འབངས་བྱང་ཚད་མཐོར་འདེགས་མཛད་མཆོག་གིས། །

རི་མཐོ་ས་གཙང་ནགས་ལས་འཕེལ་རྒྱས་ཀྱི། །

འབྱུང་ཁམས་བདེ་བའི་ཁོར་ཡུག་ཀུན་ནས་གཏོད། །

ཇི་ལྟར་བྱ་ཡི་ནམ་འཕང་གཅོད་ཚོད་ལས། །

ནམ་མཁའི་མཐའ་ལ་ཐུག་པའི་ནུས་མེད་བཞིན། །

ཚན་རྩལ་སློབ་གསོ་རིག་གནས་སྨན་བཅོས་སོགས། །

ཟུར་ཙམ་གླེང་བ་རྒྱ་མཚོའི་ཆུ་ཐིགས་ཙམ། །

གཟིགས་དང་འཕེལ་རྒྱས་གསར་པའི་དགའ་སྟོན་གྱི། །

དགའ་བདེའི་རྣམ་པ་འཛིན་མའི་ཁྱོན་ལ་ཁྱབ། །

རླབས་ཆེན་མེས་རྒྱལ་ཕྱོགས་དང་ཕྱོགས་མཚམས་ནས། །

ཅན་བཞིའི་འཛུགས་སྐྲུན་རྒྱལ་མཚན་སྲིད་རྩེར་འཕྱར། །

མུ་མཐུད་གཟིགས་དང་སྟོབས་འབྱོར་མངའ་ཐང་གི །

རྒྱལ་ཁའི་བ་དན་ལྷབ་ལྷུབ་གཡོ་བའི་ཚེ། །

ཡུན་ཙམ་མི་ལྷོད་རེ་བའི་ལམ་ཆེན་ཐོག །

གོམ་ཆེན་སྤོ་བའི་སྤོབས་པ་མི་སྐྱེའམ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1