༄༅།། གསར་འགྱུར་འཕྲིན་རྩོམ་དང་དེའི་ཡིག་སྒྱུར་བྱེད་ཐབས་སྐོར་ཅུང་ཟད་གླེང་བ།

ཁྲ་དོད། བདེ་སྐྱིད། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། 07-22



ཁྲ་དོད། བདེ་སྐྱིད།
[ནང་དོན་གནད་བསྡུས།] རྩོམ་ཡིག་འདིའི་ནང་གསར་འགྱུར་གྱི་ངོ་བོ་དང་། དེའི་རིན་ཐང་། ཕན་ནུས། ཁྱབ་རྒྱ་སོགས་རགས་ཙམ་སྨོས་པའི་ཐོག གསར་འགྱུར་ལོ་ཙཱ་བས་གསར་འགྱུར་ཡིག་སྒྱུར་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་ཡང་དག་ཅིག་དགོས་ཚུལ་དང་། གཙོ་བོར་རྒྱ་ཡིག་གི་གསར་འགྱུར་འཕྲིན་རྩོམ་བོད་སྐད་ཡིག་ཏུ་ཕབ་བསྒྱུར་བྱེད་སྐབས་བོད་རྒྱ་མི་རིགས་གཉིས་ཀྱི་རིག་གནས་རྒྱབ་ལྗོངས་ལ་ཤེས་རྟོགས་གང་ལེགས་ཡོང་བ་བྱས་ཏེ། བུ་ཡིག་གི་བརྡ་སྤྲོད་རིག་པ་དང་ཡུལ་སྲོལ་གོམས་གཤིས། ཚིག་སྦྱོར་གྱི་འགྲོ་ལུགས་སོགས་གཞིར་བཟུང་མ་ཡིག་གི་བརྗོད་དོན་འཁྲུལ་པ་མེད་པར་དབབ་དགོས་པའི་སྐོར་སོགས་གླེང་བརྗོད་བྱས་ཡོད།
[བརྡ་ཆད་གཙོ་བོ།] གསར་འགྱུར་འཕྲིན་རྩོམ། ཡིག་སྒྱུར། གལ་ཆེའི་རང་བཞིན། སྒྱུར་ཐབས།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།]H211.59[ཡིག་ཚང་མཚོན་བྱང་།]A[རྩོམ་གྱི་གོ་རིམ་ཨང་སྒྲིག]1002-946X-(2019)01-114-10
        གླེང་གཞི།
        འཛམ་གླིང་འདིར་འཚོ་བཞིན་པའི་འགྲོ་བ་མིའི་རིགས་ཐམས་ཅད་རྒྱུ་རྐྱེན་སྣ་ཚོགས་ཀྱིས་རྐྱེན་པས། འཚོ་གོས་ཀྱི་གོམས་གཤིས་མི་གཅིག་པ་མ་ཟད། དེ་བས་ཀྱང་སྐད་དང་ཡིག་རིགས་མི་མཚུངས་པའི་འགལ་ཟླའི་ཕུང་པོའི་ནང་གནས་ཀྱང་། དུས་རབས་གོང་དུ་འཕེལ་བ་དང་བསྟུན་ཕན་ཚུན་དབར་རིག་གནས་སོགས་ཀྱི་འབྲེལ་འདྲིས་ཉིན་བཞིན་དམ་དུ་འགྲོ་བ་དང་རྒྱ་ཆེ་གཏིང་ཟབ་ཏུ་འགྲོ་བ་ནི་ལོ་རྒྱུས་གོང་དུ་འཕེལ་བའི་ཆོས་ཉིད་ཅིག་ཡིན། མིག་སྔར་འཛམ་བུ་གླིང་གི་ཁྱོན་འདིར་ནམ་ཉིན་མཚན་གོ་ལྡོག་པའི་ཡུལ་གྲུ་ཕན་ཚུན་དབར་ཚན་རིག་དང་རིག་གནས། གོམས་སྲོལ་སོགས་ཕྱོགས་མང་པོ་ཞིག་སྔར་བས་ཤེས་རྟོགས་དང་འབྲེལ་འདྲིས་བྱེད་པའི་དུས་སྐབས་སུ་སླེབས་ཤིང་། བོད་ལྗོངས་ལྟ་བུར་ཆ་མཚོན་ན། དེང་གི་ཆར་ཕྱི་གླིང་བའི་རིག་གནས་མང་པོ་ཞིག་ལ་དོ་སྣང་བྱེད་པའི་དུས་རབས་སུ་སླེབས་ཡོད་ལ། དེ་བས་ཀྱང་ལོ་རྒྱུས་ཡུན་རིང་ལྡན་པའི་རྒྱའི་རིག་གནས་སྔར་བས་དར་ཁྱབ་ཆེན་པོ་བྱུང་སྟེ། འོད་སྟོང་འཕྲོ་བའི་ཀྲུང་ཧྭ་རིག་གནས་ཀྱི་བདུད་རྩི་མྱོང་རོལ་བྱེད་བཞིན་ཡོད་པས། དུས་བབ་བཟང་པོ་འདིའི་འོག་རང་རེས་ཕྱོགས་གཅིག་ནས་གསར་དར་རིག་གནས་ཀྱི་ཁོངས་སུ་གཏོགས་པའི་གསར་འགྱུར་རིག་གནས་ལ་དོ་སྣང་བྱེད་དགོས་ལ། དེ་དང་ཕྱོགས་མཚུངས་རྒྱ་ཡིག་ནས་བྲིས་པའི་གསར་འགྱུར་འཕྲིན་རྩོམ་ཡོད་དོ་ཅོག་ཇི་ལྟར་བྱས་ཏེ་བོད་རང་ཉིད་ཀྱི་སྐད་ཡིག་ནས་བྲིས་པ་ལྟ་བུ་ཞིག་ཏུ་ཕབ་བསྒྱུར་བྱེད་པའི་ཐད་ཤུགས་སྣོན་རྒྱག་རྒྱུ་དེ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད། དེས་ན་ལོ་ཙཱ་བས་མི་རིགས་ལ་འགན་འཁུར་བ་དང་། སྐད་ཡིག་ལ་འགན་འཁུར་བ། རང་ཉིད་ཀྱི་འགན་འཁྲིར་གཡོ་ཟོལ་མེད་པ་བཅས་ཀྱི་ཐོག་ནས་གསར་འགྱུར་ཡིག་སྒྱུར་གྱི་སྤུས་ཚད་གོང་མཐོར་གཏོང་དགོས་ཤིང་། དེའང་གསར་འགྱུར་ལོ་ཙཱ་བ་ཚང་མས་ཀློག་པ་པོའི་བསམ་འཆར་རམ་དྲན་སྐུལ་ཏེ། ཡི་གེ་བོད་ཡིག་ཡིན་འདུག་ཀྱང་། གོ་དོན་རྟོགས་ཀྱི་མི་འདུག་ཅེས་པར་ཞིབ་ཏུ་བསམས་ཏེ། གསར་འགྱུར་འཕྲིན་རྩོམ་ཁག་གཅིག་ཇི་ཙམ་བཀླགས་ཀྱང་ནང་དོན་གསལ་པོ་མི་རྟོགས་པའི་སྣང་ཚུལ་དེ་རིགས་མི་འཐོན་པ་བྱེད་དགོས་པས། རྩོམ་ཡིག་འདི་འབྲི་བའི་རྩ་བའི་དམིགས་ཡུལ་ཡང་རྒྱ་ཡིག་ནས་ཕབ་བསྒྱུར་ཞུས་པའི་གསར་འགྱུར་སོགས་ཀྱིས་ཀློག་པ་པོ་མགོ་ཡུ་འཁོར་བའི་གནད་དོན་རིམ་གྱིས་སེལ་ཐབས་ལ་འབད་ཁུལ་བགྱིས་པ་ཞིག་ལས་མ་འདས།
དང་པོ། གསར་འགྱུར་འཕྲིན་རྩོམ་ཡིག་སྒྱུར་གྱི་གལ་ཆེའི་རང་བཞིན།
        ཡིག་སྒྱུར་གང་འདྲ་ཞིག་ཡིན་རུང་འགྱུར་སྤུས་ཀྱི་ལེགས་ཞན་ནི་ལོ་ཙཱ་བའི་སྐད་ཡིག་གཉིས་ཀྱི་བྱང་ཚད་དང་། ཡིག་སྒྱུར་རིགས་པའི་གཞུང་ལུགས་ཀྱི་ཡོན་ཚད། ལག་ལེན་དངོས་ཀྱི་ཉམས་མྱོང་། དེ་བཞིན་སྐད་ཡིག་དེ་གཉིས་སྤྱོད་མཁན་གྱི་འཚོ་བ། གོམས་སྲོལ་སོགས་ལ་རྒྱུས་མངའ་ཆེ་ཚད་སོགས་དང་འབྲེལ་བ་ཤིན་ཏུ་ཟབ་མོད། གོང་སྨོས་ཀྱི་ཆ་རྐྱེན་དེ་ཙམ་ཁོ་ནས་ད་དུང་འགྱུར་སྤུས་ཀྱི་ལེགས་ཞན་གཏན་དུ་འཁེལ་ཐུབ་པ་ཞིག་མིན་ཏེ། བྱ་བ་གང་ཞིག་བསྒྲུབ་སྙམ་པའི་ཀུན་སློང་བཟང་ཞན་གྱིས་བྱ་བ་དེ་ཉིད་ལེགས་གྲུབ་ཡོང་མིན་ཐད་ཐག་གཅོད་རང་བཞིན་གྱི་ནུས་པ་འཐོན་གྱི་ཡོད་པའི་ཕྱིར། དེས་ན་གསར་འགྱུར་འཕྲིན་རྩོམ་ཡིག་སྒྱུར་གྱི་སྤུས་ཚད་ལའང་ལོ་ཙཱ་བས་གསར་འགྱུར་ལ་དོ་སྣང་དང་། གསར་འགྱུར་གྱི་གནས་བབས་ལ་མཐོང་ཆེན། གསར་འགྱུར་གྱི་ནུས་པར་ཤེས་རྟོགས་སོགས། གསར་འགྱུར་འཕྲིན་རྩོམ་ཡིག་སྒྱུར་གྱི་གལ་ཆེའི་རང་བཞིན་མཐོང་ཐུབ་པའི་ཉམས་པ་མེད་པའི་ལོ་ཙཱ་བའི་རྟོགས་པ་ཞིག་དང་། གསར་འགྱུར་ཡིག་སྒྱུར་ལེགས་པོ་བྱེད་སྙམ་པའི་ཀུན་སློང་བཟང་པོ་དང་བརྟན་པོ་ཞིག་གིས་སྟངས་འཛིན་བྱེད་ངེས། འོ་ན་ཀུན་སློང་དེ་གང་ཡིན་ནམ་ཞེ་ན། དེ་ནི་གསར་འགྱུར་འཕྲིན་རྩོམ་གྱི་ལོ་ཙཱ་བ་ཞིག་ལ་ངེས་པར་མངའ་དགོས་པ་དང་བྱ་བ་ཁག་ལེགས་གྲུབ་ཡོང་བའི་སྒུལ་ཤུགས་དེ་རེད། ཁོ་བོ་ལྟ་བུ་གསར་འགྱུར་ཡིག་སྒྱུར་གྱི་ལས་གནས་སུ་ལོ་མང་སྡོད་རིང་། གསར་འགྱུར་འཕྲིན་རྩོམ་གྱི་འགྱུར་མ་ཁག་གཅིག་གོ་དོན་གསལ་པོ་མེད་པ་དང་། ཁག་གཅིག་བརྗོད་པ་མི་བདེ་བ། ཁག་གཅིག་མ་ཡིག་རྒྱ་ཡིག་ལྟ་བུར་བསམ་བློ་མ་བཏང་ན་བུ་ཡིག་ཁོ་ནའི་ཐ་སྙད་ཚིག་གིས་དོན་མི་གོ་བ་སོགས་ཀྱི་སྣང་ཚུལ་རྒྱུན་པར་མཐོང་ཐོས་ཡོང་གི་ཡོད། འགྱུར་སྤུས་ཞན་པའི་གསར་འགྱུར་འཕྲིན་རྩོམ་གྱི་འགྱུར་མ་དེ་རིགས་ལ་མཚོན་ན། ལོ་ཙཱ་བའི་སྐད་ཡིག་གཉིས་ཀྱི་བྱང་ཚད་ཁོ་ནས་ལན་པ་ཞིག་མིན་ཏེ། ལོ་ཙཱ་བ་འགའ་ཞིག་གིས་གསར་འགྱུར་འཕྲིན་རྩོམ་ཇི་ཙམ་ལེགས་པོ་བསྒྱུར་ཀྱང་རང་ཉིད་ཀྱི་མིང་དང་གནས་བབས་མངོན་མི་ཐུབ་པར་སྙམ་པ་དང། འགའ་རེས་རྒྱ་ཡིག་ནས་ཇི་ལྟར་བྱུང་བ་དེ་ལྟར་ཐད་ཀར་བསྒྱུར་ན་འཐུས་པར་སྙམ་པ། འགའ་རེས་གང་ལྟར་གསར་འགྱུར་བོད་ཡིག་མ་ལ་དོ་སྣང་བྱེད་མཁན་མང་པོ་མེད་པས། འགྱུར་སྤུས་མི་ལེགས་ཀྱང་བཏང་སྙོམས་སུ་བཞག་ན་འགྲིག་སྙམ་པ་སོགས།  གསར་འགྱུར་འཕྲིན་རྩོམ་གྱི་འགྱུར་མའི་གནས་བབས་ལ་མཐོང་ཆུང་བྱས་པས་ལོས་ཡིན། དོན་སྙིང་ངེས་ཅན་ཞིག་གི་ཐོག་ནས་བཤད་ན། དེ་ནི་ལོ་ཙཱ་བ་དེ་རིགས་ཀྱིས་ཚགས་པར་ཐོག་རང་ཉིད་ཀྱི་མི་ཚེའི་ལོ་ཙཱའི་བགྲོད་ཤུལ་མི་ལེགས་པ་ཞིག་ཏུ་ངོས་འཇིན་བྱས་པས་ཡིན། དེ་ལྟར་བྱས་པའི་འབྲས་བུར་རང་ཉིད་ཀྱི་འགྱུར་སྤུས་ཉམས་པ་བརྒྱུད། རང་ཉིད་ཀྱི་ཆེད་ལས་བྱང་ཚད་ཀྱང་འཕེལ་མེད་རང་སོར་གནས་པ་ནི་སྨོས་ཅི་དགོས།
        ཕྱོགས་གཞན་ཞིག་ནས་བཤད་ན།  གསར་འགྱུར་འཕྲིན་རྩོམ་གྱིས་འཇིག་རྟེན་གྱི་འགུལ་ཚུལ་དང་སྐྱེ་བོ་ཡོད་དོ་ཅོག་གི་ལས་ཀའི་རྣམ་འགྱུར་དང་གྲུབ་འབྲས་སོགས་གསལ་བཤད་བྱེད་ལ། གསར་འགྱུར་བརྒྱུད་སྤྱི་ཚོགས་ཁྱོན་ཡོངས་ལ་ཡར་སྐུལ་བྱེད་པ་ཡིན་མོད། དེའི་འགྱུར་སྤུས་ཞན་པོས་བརྗོད་དོན་སྣ་ཚོགས་པ་རྣམས་རབ་རིབ་ཏུ་གཏོང་ངེས་པ་དང་། ལྷག་པར་དུ་སྲིད་ཇུས་སྐོར་གྱི་གསར་འགྱུར་ཞིག་ཡིན་ཕྱིན། དེའི་ཉེས་ཚབས་ནི་དེ་བས་ཆེ་སྟེ། གོ་བ་ལོག་པར་སྟེར་བས། ཆབ་སྲིད་ལ་འགན་མ་ཁུར་བའི་ཚད་དུ་སླེབས་ངེས། དེས་ན་གསར་འགྱུར་འཕྲིན་རྩོམ་ཡིག་སྒྱུར་བྱེད་པར་ཐོག་མར་གསར་འགྱུར་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་ཡང་དག་དགོས་ཤིང་། བསྒྱུར་ཟིན་པའི་གསར་འགྱུར་འཕྲིན་རྩོམ་དེ་ཉིད་རང་ཉིད་ནས་གསར་རྩོམ་ཐེངས་གཉིས་པ་བྱས་པའི་ངོས་འཇིན་ཡང་དག་ཅིག་ཀྱང་ཡོད་དགོས་པ་རེད།
གཉིས་པ། ཡིག་སྒྱུར་གྱི་ཚད་གཞི་དང་། གསར་འགྱུར་སྤྱིར་བཏང་བ་དང་མི་སྣའི་འཕྲིན་རྩོམ་གྱི་སྒྱུར་ཐབས་ཁྱད་པར།
        སྤྱིར་ན་ཡིག་སྒྱུར་དང་དུས་རབས་དབར་འབྲེལ་བ་དམ་ཟབ་ཡོད་ཅིང་། ཡིག་སྒྱུར་གྱི་བྱ་གཞག་ནི་ལོ་རྒྱུས་ཀྱི་འཕོ་འགྱུར་དང་བསྟུན་ནས་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བཞིན་ཡོད་པས་ན། ཡིག་སྒྱུར་གྱི་ཚད་གཞི་ཡང་དེ་བཞིན་ཡིན། ཡིག་སྒྱུར་ལ་ནུས་པ་མང་པོ་ཡོད་པའི་ཁྲོད་ལས་ཁེར་རྐྱང་དུ་གནས་པའི་རིག་གནས་དེ་སྣ་མང་ཕུན་སུམ་ཚོགས་པའི་ཕྱོགས་སུ་སྐུལ་སྤེལ་བྱེད་པའི་ནུས་པ་ནི་ཚད་གཞལ་དཀའ་བ་ཞིག་ཡིན་ཏེ། དཔེར་ན་སྔར་ནས་ད་བར་བོད་ཀྱི་མཁས་དབང་མང་པོས་ཟད་མཐའ་མེད་པའི་རྒྱལ་བའི་བཀའ་བསྟན་མཇལ་རིམ་བཞིན་དུ་དད་གུས་ཆེན་པོས་སྔོན་བྱོན་ལོ་པཎ་རྣམས་ཀྱི་བཀའ་དྲིན་དྲན་ཞིང་རྗེས་སུ་ཡི་རངས་ཞུ་བའི་བསྟོད་པ་འབུལ་དང་འབུལ་བཞིན་ཡོད་པ་ལས་རྟོགས་ཐུབ། དེ་ནི་སྔོན་བྱོན་ལོ་པཎ་ཚོས་ཆ་རྐྱེན་ཆེས་ཞན་པའི་ཁོར་ཡུག་ཏུ་རྒྱ་དཀར་ནག་གི་བསྟན་བཅོས་ཧ་ཅང་མང་པོ་ཞིག་བོད་སྐད་དུ་བསྒྱུར་གནང་བས། ད་ཆ་འཛམ་གླིང་ཐོག་སྐད་གྲགས་ཡོད་པའི་བོད་བརྒྱུད་ནང་བསྟན་རིག་གནས་ཞེས་པས་མཚོན་ནུས། གང་ལྟར་ཡིག་སྒྱུར་གྱིས་ཆོས་ལུགས་སྨོས་ཅི། བོད་ཀྱི་རྩོམ་རིག་སོགས་ཀྱི་བྱ་གཞག་ལའང་ཤུགས་རྐྱེན་ཐེབས་ཏེ་འཕེལ་རྒྱས་བྱུང་ཡོད། དེ་ནི་བོད་ཀྱི་རིག་གནས་ཕུན་སུམ་ཚོགས་སུ་སོང་བའི་མཚོན་རྟགས་ཉག་གཅིག་ཡིན།
        རང་རེ་ཁ་བའི་ལྗོངས་སུ་ཡིག་སྒྱུར་གྱི་བྱ་གཞག་དར་ནས་ད་བར་ལོ་ངོ་སྟོང་ཕྲག་ལྷག་སོང་ཞིང་། ཡིག་སྒྱུར་གྱི་བཀའ་དྲིན་ལས་སྐད་དང་གོམས་གཤིས་མི་གཅིག་པའི་མི་རིགས་མང་པོ་ཞིག་དང་རིག་གནས་སོགས་ཀྱི་འབྲེལ་ལམ་ཚུགས་ཏེ། ཕན་ཚུན་དབར་རིག་གནས་སྤེལ་རེས་ཀྱིས་ཐུན་མོང་ཐོག་ཡར་རྒྱས་བྱུང་ཡོད་པ་དང་། ཁྱད་པར་ནང་བསམ་པའི་འཁྱེར་སོ་དང་། ཕྱི་བྱ་སྤྱོད་ཀྱི་སྤེལ་སྟངས་སོགས་ཀྱི་ཐད་ཕན་ཚུན་དབར་ཤན་ཞུགས་རེས་སམ་ཤེས་རྟོགས་རགས་ཙམ་བྱུང་ཡོད། ཆ་འཕྲིན་དབྱར་མཚོ་རྒྱས་པའི་དེང་གི་སྤྱི་ཚོགས་ནང་ཡིག་སྒྱུར་གྱི་ཕན་ནུས་ཇེ་ཆེར་དང་ཡིག་སྒྱུར་གྱི་གནས་བབས་གོང་མཐོར་འགྲོ་བཞིན་པ་ནི་ང་ཚོའི་མཐོང་ཆོས་སུ་གྱུར། ཡིག་སྒྱུར་ཞེས་པར་སྐད་སྒྱུར་དང་། ཆབ་སྲིད་ཡིག་སྒྱུར་དང་། རིག་རྩལ་བརྩམས་ཆོས་ཡིག་སྒྱུར། ཚོང་ལས་ཡིག་ཆ་ཡིག་སྒྱུར། བརྡ་ཁྱབ་ཡིག་སྒྱུར། གསར་འགྱུར་ཡིག་སྒྱུར་སོགས་བྱེ་བྲག་གི་རྣམ་གྲངས་མང་པོ་ཞིག་ཡོད་ལ། དེ་དག་གི་ངོ་བོ་ཡང་སྤྱིར་གཅིག་མཚུངས་ཡིན་པ་མ་ཟད། ཡིག་སྒྱུར་གྱི་བརྒྱུད་རིམ་ཡང་གཞི་རྩའི་ཆར་མཚུངས་མོད། འོན་ཏེ་བྱེ་བྲག་སོ་སོར་ཐུན་མོང་མ་ཡིན་པའི་ཡིག་སྒྱུར་གྱི་ཁྱད་ཆོས་ཀྱང་ཡོད།
        དེ་ཡང་གསར་འགྱུར་ཡིག་སྒྱུར་ལྟ་བུར་མཚོན་ན། ཡིག་སྒྱུར་སྤྱི་དང་འདྲ་བར་གསར་འགྱུར་ཡིག་སྒྱུར་གྱི་འོས་འགན་བསྐྱུར་དུ་མེད་པ་ནི། མ་ཡིག་གི་ནང་དོན་ནོར་འཁྲུལ་མེད་པར་ཇི་མ་ཇི་བཞིན་བུ་ཡིག་ཏུ་དབབ་རྒྱུ་དེ་ཡིན་ཞིང་། དེ་ནི་ཡིག་སྒྱུར་སྤྱིའི་ཐུན་མོང་གི་རྩ་བའི་བླང་བྱ་ཡིན་ལ། ཡིག་སྒྱུར་སྤྱིའི་རྩ་འཛིན་ཞིག་ཏུའང་བརྩི་ཆོག འོན་ཀྱང་གསར་འགྱུར་ལ་མཚོན་ན། འབྲི་ལུགས་སྣ་ཚོགས་པ་ཞིག་ཡོད་པས། ལོ་ཙཱ་བས་གསར་འགྱུར་གྱི་ནང་དོན་དངོས་ལ་གཞིགས་ནས་སྒྱུར་རྩལ་མི་འདྲ་བ་སྤྱོད་དགོས་པ་ཡིན། དཔེར་ན། ས་ཆ་གང་ཞིག་ཏུ་དུས་ནམ་ཞིག་ལ་བྱེད་པ་པོ་སུ་ཞིག་གིས་བྱ་བ་གང་ཞིག་བྱས་པ་དང་། འབྲས་བུ་གང་ཞིག་བྱུང་བའི་སྐོར་གྱི་གསར་འགྱུར་ལྟ་བུ་ནི་གསར་འགྱུར་སྤྱིར་བཏང་བ་ཞིག་ཡིན་པས། དགོས་པ་གལ་ཆེའི་སྐབས་སུ་རེ་ཟུང་ལ་མ་གཏོགས་སྤྱིར་མ་ཡིག་གི་བརྗོད་དོན་བུ་ཡིག་ཏུ་མགོ་མཇུག་སློག་པ་དང་། སྣོན་འཕྲི་སོགས་བྱེད་མི་དགོས་པར་ཐད་སྒྱུར་གཙོ་བོར་བྱས་ན་ཆོག་པ་ལྟ་བུ་དང་། ཡང་དཔེར་ན།  གསར་འགྱུར་འཕྲིན་རྩོམ་གྱི་ཁོངས་སུ་གཏོགས་པ་གང་ཞིག་ལ། མི་སྣ་ག་གེ་མོ་ཞིག་གི་མཛད་རྗེས་གཙོ་བོར་གླེང་བའི་གསར་འགྱུར་ཞིག་སྒྱུར་སྐབས། མི་སྣའི་ཁོར་ཡུག་དང་། གཟུགས་བརྙན། སྐད་ཆ་སོགས་མ་ཡིག་ཐོག་ཞིབ་འབྲི་བྱས་ཡོད་པ་རྣམས་མ་ཡིག་ནས་ཀློག་པའི་ཚེ། གོ་དོན་ཟབ་པ་ཙམ་མིན་པར་སྙན་འཇེབས་ཀྱི་དགེ་མཚན་མཆོག་ཏུ་གྱུར་པ་ཞིག་ཡོད་ཀྱང་། བུ་ཡིག་ཏུ་གསར་འགྱུར་སྤྱིར་བཏང་བར་བརྩིས་ནས་ཐད་སྒྱུར་བྱས་ཚེ། མ་ཡིག་གི་བརྗོད་དོན་སྙན་པའི་དགེ་མཚན་རང་དགར་ཉམས་སྲིད་པས། ངེས་པར་དུ་ཚིག་དོན་གང་ཐད་ནས་དོན་སྒྱུར་གྱི་ཐབས་ལ་བརྟེན་ཏེ་བརྗོད་དོན་ཧྲིལ་པོ་གོ་ལྡོག་པའམ་ཡང་ན་བརྗོད་དོན་དུམ་བུ་འགའ་གོ་བརྗེས་རྒྱག་པ་སོགས་བྱེད་ཆོག་པ་ལྟ་བུ་ཡིན། དེ་བཞིན་ཚིག་སྦྱོར་གྱི་ཐད་ལའང་མ་ཡིག་དང་བསྟུན་རྒྱུ་མ་གཡེང་བའི་ཐོག་བུ་ཡིག་ལ་ཐ་སྙད་མང་པོ་ཞིག་ཡོད་པ་ལས། གང་ཞིག་མ་ཡིག་གི་ཐ་སྙད་དང་འཚམ་མིན་བློ་ཞིབ་མོས་ཡང་དག་པར་དཔྱད་དེ་གདམ་ག་ལེགས་པོ་བགྱིས་དགོས་པ་ཡིན། འདི་ནི་གསར་འགྱུར་སྤྱིར་བཏང་བ་དང་མི་སྣའི་སྐོར་གྱི་གསར་འགྱུར་འཕྲིན་རྩོམ་དབར་གྱི་སྒྱུར་ཐབས་མི་འདྲ་བའི་ཕྱོགས་ཤིག་ཡིན། དེའང་གསལ་པོར་བཤད་ན། མི་སྣའི་སྐོར་གྱི་གསར་འགྱུར་འཕྲིན་རྩོམ་ལྟ་བུར་མཚོན་ན། གསར་འགོད་པས་སྒྱུ་རྩལ་གྱི་བརྩམས་ཆོས་ནང་བཞིན་མི་སྣའི་གཟུགས་བརྙན་བཞེངས་པ་དང་། མི་སྣའི་སྐད་ཆ་དང་རྣམ་འགྱུར་སོགས་འགོད་པ་སོགས་གསར་འགྱུར་སྤྱིར་བཏང་བ་དང་མི་འདྲ་བའི་ནང་དོན་ཞིབ་འབྲི་དང་། ཚིག་སྦྱོར་ལ་རྒྱན་འོས་འཚམ་སྤྲས་ཏེ་སྒྱུ་རྩལ་གྱི་ཉམས་འགྱུར་ཡང་ཅུང་ཟད་ལྡན་པར་བྱེད་ཆོག་སྟབས། དེ་འདྲའི་གསར་འགྱུར་འཕྲིན་རྩོམ་གྱི་རིགས་ཡིག་སྒྱུར་བྱེད་སྐབས། ལོ་ཙཱ་བས་དོན་སྒྱུར་གྱི་ཐབས་ལ་བརྟེན་ནས་སྒྱུར་རྩལ་འདོན་དགོས་པ་རེད། ཡིན་ནའང་ལོ་ཙཱ་བས་གཟབ་དགོས་པ་ཞིག་ལ་དོན་སྒྱུར་བྱེད་པའི་བརྒྱུད་རིམ་ནང་མ་ཡིག་དང་རྩ་བ་ནས་འགལ་བའི་དོན་དང་ཚིག་སྦྱོར་གཏན་ནས་མི་འཐོན་པ་བྱེད་དགོས་ཏེ། ཁྱེད་ཀྱིས་སྒྱུར་བཞིན་པའི་མི་སྣ་དེ་རྟོག་བཟོ་བྱས་པའི་མི་སྣ་ཞིག་མ་ཡིན་པར། སྤྱི་ཚོགས་ཐོག་དངོས་སུ་འཚོ་བཞིན་འགུལ་སྐྱོད་བྱེད་བཞིན་པའི་མི་སྣ་ཞིག་ཡིན་པའི་ཕྱིར།
        དེ་མིན་གསར་འགྱུར་ཡིག་སྒྱུར་ལའང་ཡིག་སྒྱུར་གྱི་ཚད་གཞི་ཞིག་ཡོད་སྙམ་སྟེ། ཡིག་སྒྱུར་སྤྱི་དང་འདྲ་བར་གསར་འགྱུར་ལོ་ཙཱ་བ་ཚང་མས་ཡན་ཕུའུ་(严复)ཡིས་བཏོན་གནང་བའི་“信、达、雅”ཞེས་པ་འདི་ཚད་གཞིར་འཛིན་གྱི་ཡོད་པ་ལྟ་བུའོ། འོན་ཀྱང་ཡིག་སྒྱུར་བྱེ་བྲག་གི་སྐབས་སུ་ཚད་གཞི་དེ་གསུམ་གྱིས་ཡོངས་སུ་ཁྱབ་པ་ཞིག་མིན་ཏེ། ལོ་ཙཱའི་གཞུང་ལུགས་སྨྲ་བ་ཀྲང་ནན་ཧྥང་གིས་བརྩམས་གནང་བའི་《ཀྲུང་གོ་དང་ནུབ་ཕྱོགས་ཀྱི་ལོ་ཙཱའི་རིགས་ལམ་དཔྱོད་ལུགས་ཀྱི་ཁྱད་པར་བརྗོད་པ་》ཞེས་པའི་ནང་སྣེ་མང་གཞི་གཅིག་ཏུ་འདུས་པའི་རིག་པ་རྒྱས་གླེང་གནང་སྐབས། “ལོ་ཙཱའི་རྒྱུན་སྲོལ་གྱི་ཚད་གཞི་གསུམ་པོའི་རྨང་གཞིའི་ཐོག གསར་དར་རིག་ཚན་སོ་སོའི་ཁྱད་ཆོས་ལ་གཞིགས་ནས་སྐབས་བསྟུན་མཚུངས་ཆོས་སྦྱར་ཏེ་ཚད་གཞི་བྱེ་བྲག་པ་འགའ་བྱུང་བ་ཡང་གཞུང་དོན་ཕུན་སུམ་ཚོགས་སུ་འགྲོ་བར་ཕན་བསྐྱེད་ལས་སྐྱོན་མེད་”ཅེས་གསལ་བཤད་མཛད་ཡོད་པ་དང་། ཨུ་རུ་སུའི་མཁས་དབང་ཧྥེ་ཏོ་ལོ་ཧྥུས་(费道罗夫)བརྩམས་གནང་བའི་《བསྒྱུར་གཞུང་གི་གནད་བསྡུས་》ཞེས་པའི་ནང་ཡིག་སྒྱུར་གྱི་ཚད་གཞིའི་སྐོར་གླེང་སྐབས། “རིན་ཐང་དོ་མཉམ་”ཞེས་པའི་དགོངས་ཚུལ་བསྟན་གནང་ཡོད་པ་སོགས་ལས་ཤེས་ཐུབ། གཞན་ཡང་རིག་གནས་ལས་བརྒལ་བའི་བརྒྱུད་བསྒྲགས་བྱེད་ཚུལ་ནས་བལྟས་ན། ཡིག་སྒྱུར་ལ་རྙོག་འཛིང་ཆེ་བའི་གནད་དོན་མང་དག་ཅིག་འཕྲད་ཀྱི་ཡོད་དེ། བརྒྱུད་བསྒྲགས་བྱེད་པའི་དམིགས་ཡུལ་མི་འདྲ་བ་དང། བརྒྱུད་བསྒྲགས་བྱ་ཡུལ་གྱི་རིག་གནས་རྒྱབ་ལྗོངས་དང་རིག་གནས་ཚད་གཞི་མི་འདྲ་བ། བརྒྱུད་བསྒྲགས་སྨྱན་སྦྱོར་(དཔར་འདེབས་སྨྱན་སྦྱོར་དང་གློག་རྡུལ་སྨྱན་སྦྱོར་)མི་འདྲ་བ། བརྒྱུད་བསྒྲགས་བྱེད་སྟངས་མི་འདྲ་བ་སོགས་གནད་དོན་མང་པོ་ཞིག་ལ་བསྟུན་དགོས་པའི་ཕྱིར། དེས་ན་གསར་འགྱུར་ཡིག་སྒྱུར་ནི་ཆ་འཕྲིན་ཡང་དག་ཅིང་ནོར་འཁྲུལ་མེད་པ་ཞིག་དགོས་པའི་སྔོན་འགྲོའི་ཆ་རྐྱེན་འོག གསར་འགྱུར་གྱི་ཁྱད་ཆོས་དང་མཐུན་དགོས་ལ་རྒྱ་ཆེའི་ཀློག་པ་པོས་ལྟ་འདོད་ཆེ་བ་ཞིག་དགོས་པ་ཡིན། འདིར་གསར་འགྱུར་གྱི་ཡིག་སྒྱུར་སྐབས་དོ་སྣང་བྱེད་དགོས་ཚུལ་ཕྱོགས་གསུམ་གྱི་ཐད་ནས་གླེང་ན།
        གཅིག བརྒྱུད་བསྒྲགས་ཀྱི་ཕན་འབྲས་ལ་དོ་སྣང་བྱེད་དགོས་པ།
        གསར་འགྱུར་ཡིག་སྒྱུར་ལ་སྤྱིར་བཏང་ཡིག་སྒྱུར་གྱི་ངོ་བོ་ལྡན་པ་ཕུད། ད་དུང་བརྒྱུད་བསྒྲགས་ཀྱི་ཕན་འབྲས་ལ་དོ་སྣང་ཆེན་པོ་བྱེད་དགོས་པ་ཡིན། དེ་ཡང་ཨ་རིའི་བརྒྱུད་བསྒྲགས་རིག་པ་མཁས་ཅན་ལཱ་སི་ཝེའར་ཡིས། “བརྒྱུད་བསྒྲགས་བྱེད་སྟངས་གང་ཞིག་ཡིན་རུང་སུ་ཞིག་གིས་གང་ཞིག་བཤད་པ་དེ་ཐབས་ལམ་གང་ཞིག་བརྒྱུད་ནས་སུ་ལ་ཕན་འབྲས་འཐོན་པར་བྱེད་”ཅེས་གསུངས་པའི་བཀའ་མོལ་དུམ་བུ་འདི་སྤྱིར་ན་ཡིག་སྒྱུར་གྱི་ནུས་པར་ཆེད་དུ་དམིགས་ནས་གསུངས་པ་ཞིག་མིན་མོད། ཡིག་སྒྱུར་ནི་སྐད་ཡིག་གཉིས་དབར་གྱི་འབྲེལ་ཟམ་ལྟ་བུ་ཞིག་ཡིན་པའི་ཆ་ནས་བརྒྱུད་བསྒྲགས་ཀྱི་བྱ་བར་ཕན་འབྲས་ཐོན་དང་མི་འཐོན་ལ་ཞིབ་བཤེར་བྱེད་པའི་ཚད་གཞི་གལ་ཆེན་ཞིག་ཡིན་ཚུལ་ཤུགས་སུ་བསྟན་ཡོད། དེ་ཡང་ཡིན་ཏེ། གསར་འགྱུར་ཡིག་སྒྱུར་ལྟ་བུ་ནི་ཆ་འཕྲིན་བརྒྱུད་བསྒྲགས་བྱེད་མཁན་དང་བརྒྱུད་བསྒྲགས་བྱ་ཡུལ་དབར་གྱི་འབྲེལ་ཟམ་ལྟ་བུ་ཞིག་ལགས་པས། འབྲེལ་ཟམ་དེ་འདྲར་མ་བརྟེན་ན། ཕན་ཚུན་དབར་འབྲེལ་གཏུག་དང་རྒྱུས་ལོན་བྱེད་དཀའ་བར་འགྱུར་བ་ལྟར། གསར་འགྱུར་ཡིག་སྒྱུར་སྐབས་འགྱུར་ཡིག་ཡག་པོ་ཞིག་མ་བྱུང་ན། ཏང་གི་མཛད་ཕྱོགས་སྲིད་ཇུས་ལྟ་བུ་ཇི་མ་ཇི་བཞིན་མང་ཚོགས་ལ་བརྒྱུད་བསྒྲགས་མི་ཐུབ་པས། བརྒྱུད་བསྒྲགས་ཀྱི་ཕན་འབྲས་ཟེར་བ་ཡང་གཏམ་སྟོང་པ་ཙམ་ལས་མ་འདས། དཔེར་ན། དེང་སྐབས་ཚགས་པར་ཐོག་རྟག་མཐོང་ཡིན་པའི་“六城同创”ཞེས་པའི་རྒྱའི་ཐ་སྙད་ལ་ཆ་བཞག་ན། ལོ་ཙཱ་བ་ཁག་གཅིག་གིས་དེ་ཉིད་“དྲུག་གྲོང་མཉམ་གཏོད་”དང་“གྲོང་དྲུག་མཉམ་གཏོད་”ཅེས་བསྒྱུར་མོད། འགྱུར་སྔ་མ་ནི་རྒྱ་ཡིག་གི་ཡིག་འབྲུ་རེ་རེ་བཞིན་གོ་རིམ་མ་འཁྲུགས་པར་བསྒྱུར་བ་ཡིན་པས། བོད་སྐད་ཀྱི་འགྲོ་ལུགས་དང་མི་མཐུན་པ་དང། རྗེས་མ་ནི་བོད་སྐད་ཀྱི་འགྲོ་ལུགས་དང་མཐུན་ཡང་། མང་ཚོགས་ཀྱིས་གྲོང་ཁྱེར་དྲུག་རང་དུ་གོ་ནས་“ད་ཆ་ལྷ་སར་གྲོང་ཁྱེར་དྲུག་གཏོད་རྒྱུ་རེད་འདུག་”ཟེར་རྒྱུ་ལས་མ་འདས་པ་ལྟ་བུ་ཡིན། སྤྱིར་ན་ང་ཚོས་ཡིག་སྒྱུར་བྱེད་སྐབས་ཆིག་ཉུང་ལ་དོན་བསྡུས་པ་ཞིག་ཡོང་ཐུབ་ཐབས་ལ་བསམ་བློ་གཏོང་དགོས་ཀྱང། ཧ་ཅང་བསྡུས་དྲགས་ན་མ་ཡིག་གི་བརྗོད་དོན་ཇི་མ་ཇི་བཞིན་གོ་མི་ཐུབ་པས། དེས་ན་“六城同创”ཞེས་པ་ནི་ལྷ་ས་འདི་ཉིད་ཤེས་དཔལ་ལྡན་པ་དང་སྣོད་བཅུད་བཟང་བ་ལ་སོགས་པའི་ཁྱད་ཆོས་དྲུག་དང་ལྡན་པའི་གྲོང་ཁྱེར་ཞིག་ཏུ་གཏོད་དགོས་ཞེས་པའི་དོན་ཡིན་པས་ན། ང་ཚོས་རྒྱ་ཡིག་གི་ཡིག་འབྲུ་རེ་རེ་ལ་བལྟས་ནས་ཐད་ཀར་མི་བསྒྱུར་བར། “六城”ཞེས་པའི་དྲུག་དེ་གང་ཞིག་ཡིན་མིན་གསལ་པོ་ཤེས་པར་བྱས་ཏེ་འཇུག་པ་བདེ་ལ་མང་ཚོགས་ཀྱིས་གོ་ཐུབ་པ་ཞིག་ཡོང་ཐབས་བྱེདདགོས། ཡང་དཔེར་ན། “两免一补”ལྟ་བུར་“རྩ་ཆག་གཉིས་དང་ཁ་གསབ་གཅིག་”ཅེས་བསྒྱུར་ཚེ། ཀློག་པ་པོས་འདིའི་ནང་དོན་དཔྱིས་ཕྱིན་པ་ཞིག་རྟོགས་མི་ཐུབ་པས། གསེལ་བཀྲོལ་རང་བཞིན་གྱིས་“གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་དེབ་རིན་པ་དང་འགྲོ་སོང་རྩ་རྩིག་རྩ་ཆག་གཏོང་བ་དང་། དབུལ་ཕོངས་ཞག་སྡོད་སློབ་མར་འཚོ་བའི་ཁ་གསབ་དངུལ་སྤྲོད་རྒྱུ་”ཞེས་བསྒྱུར་ཚེ། གསར་འགྱུར་གྱི་ནང་དོན་དེ་བས་གསལ་རྟོགས་ཐུབ་པ་ལྟ་བུའོ།
        གཉིས། སྒྱུར་ཡིག་གི་བརྗོད་དོན་ཁ་གསལ་ལ་གོ་བདེ་བ་ཞིག་དགོས་པ།
        གསར་འགྱུར་ཡིག་སྒྱུར་གྱི་འགག་རྩ་གཞན་ཞིག་ནི། ཇི་ལྟར་བྱས་ཏེ་སྒྱུར་ཡིག་གི་བརྗོད་དོན་ཡང་དག་ལ་ཁ་གསལ་ཞིག་ཡོང་བ་བྱས་ནས་བརྒྱུད་བསྒྲགས་ཀྱི་ཕན་འབྲས་ཆེ་རུ་གཏོང་རྒྱུ་དེ་རེད། སྒྱུར་ཡིག་གང་འདྲ་ཞིག་ཡིན་རུང་མ་ཡིག་གི་བརྗོད་བྱའི་དོན་དང་མི་འགལ་ཞིང་། ཚིག་ཉུང་ལ་གོ་བདེ་བ་ཞིག་དགོས་པ་ནི་ང་ཚོ་ཚང་མས་ཤེས་གསལ་རེད། དེ་བས་ཀྱང་གསར་འགྱུར་ཡིག་སྒྱུར་གྱིས་རྒྱལ་ཁབ་ཕྱི་ནང་གི་གནས་ཚུལ་དང་། ལྷག་དོན་དུ་ཏང་གི་མཛད་ཕྱོགས་སྲིད་ཇུས་ལ་སོགས་པ་རྣམས་མ་ཡིག་མི་ཤེས་པའི་མང་ཚོགས་ལ་དུས་ཚོད་དང་པོར་བརྒྱུད་བསྒྲགས་བྱེད་པའི་འོས་འགན་བསྒྲུབ་དགོས་སྟབས། དུས་ཚོད་ཛ་དྲག་པ་དང་ལས་འབོར་ཆེ་བ་ནི་མ་བྱན་ཞིག་གིས་ཉིན་ཐུན་གསུམ་གྱི་ཞལ་ཟས་དུས་ཐོག་ལ་གཏོང་དགོས་པ་མ་ཟད། སྤུས་ཚད་དང་ཞིམ་མངར་སོགས་ཕྱོགས་མང་པོ་ཞིག་འགན་སྲུང་བྱེད་དགོས་པ་དང་འདྲ་བ་ཡིན། རྐྱེན་དེས་གསར་འགྱུར་ལོ་ཙཱ་བར་རིག་པ་ཞིབ་མོས་ཐ་སྙད་གསར་བཟོ་བྱེད་པའི་ཁོམ་པ་མེད། འོ་ན་ཐ་སྙད་གསར་བཟོ་བྱེད་སྐབས་ཇི་ལྟར་བྱས་ཏེ་མང་ཚོགས་ཀྱིས་གོ་བདེ་བ་ཞིག་ཡོང་ཐབས་བྱེད་དགོས་སམ་ཞེ་ན། ཟུར་མཆན་གྱི་ཐབས་ཤེས་ལ་བརྟེན་ནས་ཐ་སྙད་གསར་པ་དང་བསྡུས་ཚིག་ཁག་གཅིག་ལ་གུག་རྟགས་སོགས་ཀྱི་ནང་གསལ་བཤད་སྟབས་བདེ་རེ་བྱེད་དགོས་པར་སྙམ། གལ་ཏེ་ཡིག་རྫོབ་ལ་འཇིགས་ནས་དེ་ལྟར་མ་བྱས་ཚེ། གཤམ་གྱི་གནས་ཚུལ་དེ་ལྟ་བུ་འཐོན་ངེས་ཡིན། དེ་ཡང་ཁོ་བོ་ཐེངས་ཤིག་གྲོང་གསེབ་ཏུ་ལོག་སྐབས་བོད་ཡིག་གང་ལ་གང་འཚམ་ཤེས་པའི་སྐྱེ་བོ་ཞིག་གིས་བོད་ཡིག་ཚགས་པར་ལྟ་བཞིན་འདུག་པ་མཐོང་། ངས་ཁོང་ལ་“ཞིང་གསུམ་”ཞེས་པ་གང་ལ་ཟེར་བྱས་པས། ཞིང་གསུམ་ནི་ཕལ་ཆེར་“གྲོ་ཞིང་དང་། ནས་ཞིང་། སྲན་ཞིང་”གསུམ་ལ་ཟེར་བ་མིན་ནམ་ཟེར། དེ་རྗེས་ཁོ་བོས་སླར་ཡང་ཡུལ་དེ་གའི་བོད་ཡིག་ཤེས་པའི་ཞིང་པ་མི་བཞི་ལ་དྲི་བ་དེ་ལྟར་བཏོན་ཡང་དྲིས་ལན་ནི་གཅིག་མཚུངས་ལྟ་བུར་བྱུང་། གནས་ཚུལ་དེ་ལྟ་བུ་བརྒྱུད་ཁོ་བོས་ཡིག་སྒྱུར་གྱི་ལས་འགན་ནི་མ་ཡིག་གི་ནང་དོན་ཇི་མ་ཇི་བཞིན་བུ་ཡིག་ཏུ་ཕབ་བསྒྱུར་བྱེད་པ་གཅིག་བུས་མི་འགྲིག་པར། དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་དང་ཀློག་པ་པོ་སེམས་ནང་བཅངས་ཏེ་མང་ཚོགས་དང་ཀློག་པ་པོས་བུ་ཡིག་གོ་ཐུབ་མིན་ལ་བསམ་བློ་ནན་པོ་གཏོང་རྒྱུ་གལ་ཆེན་པོ་ཞིག་ཡིན་པའི་ངོས་འཛིན་སྔར་བས་གསལ་བ་ཐོབ་བྱུང་། ང་ཚོས་རྒྱུན་དུ་མང་ཚོགས་ཀྱི་སྐད་ཆ་མང་ཙམ་སྤྱོད་དགོས་པའི་གལ་ཆེའི་རང་བཞིན་གླེང་བཞིན་ཡོད་ཀྱང་། ལག་ལེན་ཐོག་འཁྱོལ་ཐུབ་མིན་ལ་བརྟག་དཔྱད་བྱེད་མཁན་ཧ་ཅང་དཀོན་པོ་རེད། དེང་སྐབས་གསར་འགྱུར་ཡིག་སྒྱུར་ནང་ཐ་སྙད་གསར་པ་མང་པོ་ཞིག་ཕྲད་དང་འཕྲད་བཞིན་ཡོད་པ་དང་། གསར་འགྱུར་ཡིག་སྒྱུར་བ་ནི་ཐ་སྙད་གསར་བཟོ་བྱེད་མཁན་དང་པོ་བ་ཡིན་སྟབས། ཐ་སྙད་གསར་བཟོ་བྱས་པ་རྣམས་མང་ཚོགས་དང་ཀློག་པ་པོས་ཇི་བཞིན་གོ་ཐུབ་དང་མི་ཐུབ་པའི་འགག་རྩ་ནི་ལོ་ཙཱ་བར་ཐུག་ཡོད། གཞན་ཡང་བྱ་དངོས་གསར་པ་གང་འདྲ་ཞིག་ཡིན་རུང་དེ་ཉིད་མི་རྣམས་ཀྱིས་དང་ལེན་བྱེད་པར་བརྒྱུད་རིམ་ངེས་ཅན་ཞིག་དགོས་ཀྱི་ཡོད་ན། ཐ་སྙད་གསར་བཟོ་བྱས་པ་རྣམས་ཀྱང་དེ་ལས་མ་འདས། དེས་ན་བརྒྱུད་རིམ་དེའི་ནང་ཐ་སྙད་གསར་བཟོ་བྱས་པ་ཁག་གཅིག་ལ་གསལ་འགྲེལ་སྟབས་བདེ་རེ་རྒྱག་རྒྱུ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད། དཔེར་ན་དབྱིན་ཡིག་གི་བསྡུས་ཚིག་“GDP”ལྟ་བུར་མཚོན་ན། བོད་སྐད་གསར་འགྱུར་དུ་སྒྱུར་སྐབས་སྒྲ་གཟུགས་རང་སོར་བཞག་ན་མང་ཚོགས་ཀྱིས་ཅི་ཡང་མི་གོ་བས། དེ་ལྟ་བུའི་ཐ་སྙད་སྒྱུར་དུས་གསལ་འགྲེལ་ལ་བརྟེན་ནས་གུག་རྟགས་ནང་“ཐོན་སྐྱེད་ཀྱི་སྤྱིའི་ཐོན་རྫས་རིན་ཐང་”ཞེས་བྱུང་ན། མང་ཚོགས་དང་ཀློག་པ་པོས་གསར་འགྱུར་གྱི་ནང་དོན་དེ་བས་ལེགས་པའི་ངང་གོ་བ་ལེན་ཐུབ་པ་བྱུང་ནས་བརྒྱུད་བསྒྲགས་ཀྱི་ཕན་འབྲས་བཟང་པོ་ཐོན་ཐུབ། ཐ་སྙད་གསར་པ་དེ་རིགས་ལ་ཐོག་མའི་གསལ་བཤད་བརྒྱུད་ནས་རིམ་གྱིས་གོམས་འདྲིས་སུ་འགྱུར་རྗེས། ད་གཟོད་ཐད་ཀར་“GDP”ཞེས་བྲིས་ཀྱང་ཀློག་པ་པོས་དེའི་ནང་དོན་རྟོགས་ངེས་ཡིན།
        གསུམ། ལོ་ཙཱ་བས་མི་རིགས་མི་འདྲ་བའི་རིག་གནས་ཀྱི་ཁྱད་པར་ལ་དོ་སྣང་ཆེན་པོ་བྱེད་དགོས་པའི་སྐོར།
        འཛམ་གླིང་ཁྱོན་གྱི་མི་རིགས་ཁག་སོ་སོར་རིག་གནས་ཀྱི་ཆ་རྐྱེན་དང་མཐུན་པའི་སྐད་ལུགས་ཡིག་སྲོལ་མི་འདྲ་བ་རེ་ཡོད་པ་ལྟར། རང་ཅག་བོད་མི་རིགས་ལའང་སྲོལ་རྒྱུན་རིག་གནས་དང་། ཡུལ་གོམས་གཤིས་ལུགས། ཆོས་ལུགས་དད་ཞེན། རྟོགས་པའི་བློ་ནུས་སོགས་ཀྱི་གཞི་ལས་གྲུབ་པའི་སྐད་རིགས་གཞན་དང་མི་གཅིག་པའི་སྒྲ་སྦྱོར་ཡི་གེའི་བརྡ་དག་དང་། ཐ་སྙད་འཇུག་པར་བྱེད་པའི་ཆོས། བརྗོད་པའི་སྤྱོད་ཡུལ་གྱི་གནས་སོགས་ལ་ཁྱད་ཆོས་ཐུན་མོང་མ་ཡིན་པ་མང་པོ་ཡོད། དེས་སྐད་རིགས་མི་འདྲ་བའི་དབར་བརྗོད་དོན་མཚོན་སྟངས་མི་མཐུན་པ་བྱུང་བ་ཡིན། གལ་ཏེ་ཡིག་སྒྱུར་གྱི་བྱ་བ་དེ་སྐད་ཆའི་སྒྱུ་རྩལ་ཙམ་དུ་འདོད་ནས་སྐད་ཆའི་གཏིང་རུམ་ནས་འཕྲོས་པའི་རིག་གནས་ཀྱི་ཁྱད་པར་ལ་དོ་སྣང་མ་བྱས་ཚེ། འགྱུར་ལ་ཇི་འདྲའི་ཉམས་ཐོན་པར་འབད་ཀྱང་སྲོག་མེད་བེམ་པོ་ལྟར་གསོན་ཤུགས་མེད་པར་འགྱུར་རྒྱུ་གདོན་མི་ཟ། གནད་དོན་དེའི་ཐད་ཨ་རིའི་ལོ་ཙཱའི་གཞུང་ལུགས་མཁས་ཅན་ན་ཡེའུ་ཅིང་• ནེ་ཏས། (尤金.奈达) “ཡིག་སྒྱུར་ནི་རིག་གནས་མི་འདྲ་བ་གཉིས་བརྗེ་རེས་བྱེད་པའི་བྱ་བ་ཞིག་ཡིན་པ་དང་། སྒྱུར་ཡིག་ཚད་ལྡན་ཞིག་དགོས་ན། ལོ་ཙཱ་བས་རིག་གནས་མི་གཅིག་པ་གཉིས་ལ་རྒྱུས་མངའ་གསལ་པོ་ཡོད་པ་བྱ་རྒྱུ་དེ་སྐད་རིགས་མི་འདྲ་བ་གཉིས་ལ་བྱང་ཆུབ་པ་ལས་དེ་བས་གལ་ཆེའོ་གང་ལགས་ཤེ་ན། མིང་ཚིག་གང་འདྲ་ཞིག་ཡིན་རུང་རིག་གནས་ཀྱི་གཞི་རྟེན་ལས་འགྲུབ་དགོས་པ་ཡིན་པས་”ཞེས་དང་། ཨ་རིའི་ཡིག་སྒྱུར་གཞུང་ལུགས་ཀྱི་རབ་འབྱམས་པ་ཀོ་ནིས་ཀྱང་།“ཡིག་སྒྱུར་ཚད་དུ་རུང་བ་ཞིག་ལ་མཚོན་ན། རིག་གནས་གཉིས་ཀར་རྒྱུས་མངའ་ཡོད་པ་བྱ་རྒྱུ་དེ་སྐད་རིགས་གཉིས་ལ་བྱང་ཆ་ཡོད་པ་ལས་ཀྱང་གལ་ཆེ་སྟེ། རྒྱུ་མཚན་ནི་སྐད་ཡིག་དེས་དེ་དང་འབྲེལ་བའི་རིག་གནས་ཀྱི་རྒྱབ་ལྗོངས་ཁྲོད་ནས་ད་གཟོད་ནང་དོན་ཐོན་ཐུབ་པས་སོ་” ཅེས་གསུངས། དེར་བརྟེན་ཡིག་སྒྱུར་གྱི་བྱེད་སྒོ་གང་འདྲ་ཞིག་ཡིན་རུང་། ལོ་ཙཱ་བར་ཡིག་རིགས་གཉིས་ཀྱི་རིག་གནས་རྒྱབ་ལྗོངས་ལ་རྒྱུས་མངའ་གང་ལ་གང་འཚམ་ཞིག་མེད་ཕྱིན། མ་ཡིག་གི་བསྟན་དོན་རྣམས་ཡང་དག་པར་རྟོགས་མི་ཐུབ་ལ། མ་ཡིག་གི་བསྟན་དོན་ཇི་བཞིན་བུ་ཡིག་ཏུ་ཕབ་བསྒྱུར་ཡང་མི་ཐུབ། ཐ་ན་གོ་བ་ལོག་སྒྲུབ་བྱུང་སྟེ། ལོ་ཙཱ་བ་རང་ཉིད་ཀྱི་བསམ་ཡུལ་ལས་འདས་པའི་བཞད་གད་དང་དེ་བས་ཚབས་ཆེ་བའི་གནས་ཚུལ་ཡང་འབྱུང་སྲིད།
        དེང་སྐབས་རྒྱབ་ཁབ་དང་རྒྱལ་ཁབ་དབར། མི་རིགས་དང་མི་རིགས་དབར་ཆ་འཕྲིན་སྤེལ་རེས་ཇེ་མང་དུ་འགྲོ་བ་དང་བསྟུན་ནས་རིག་གནས་རྒྱབ་ལྗོངས་མི་འདྲ་བ་ལས་འཕྲོས་པའི་འགལ་བ་ཡང་མང་པོ་ཞིག་འཕྲད་ཀྱི་ཡོད། འགལ་བ་དེ་རིགས་ཀྱིས་གསར་འགྱུར་ལོ་ཙཱའི་ལས་དོན་ལའང་འགྲན་སློང་གསར་པ་འཕྲད་བཞིན་ཡོད་ན། ང་ཚོས་《རྒྱ་བོད་ཚིག་མཛོད་ཆེན་མོ་》སོགས་ཚིག་མཛོད་ཁོ་ནར་བརྟེན་པའི་ཡིག་སྒྱུར་བྱེད་ཐབས་སྤངས་ཏེ།  ཡིག་རིགས་གཉིས་ཀྱི་རིག་གནས་རྒྱབ་ལྗོངས་ཤེས་བྱ་གང་ལེགས་ཁོང་དུ་ཆུད་པར་བྱེད་པ་སྨོས་མེད་ཐོག རིག་གནས་ལས་བརྒལ་བའི་འདུ་ཤེས་འཛུགས་དགོས་པ་ཡིན་ཏེ། ཆ་འཕྲིན་བརྒྱུད་བསྒྲགས་བྱ་རྒྱུ་ནི་གསར་འགྱུར་ཡིག་སྒྱུར་གྱི་དམིགས་འབེན་ཉག་གཅིག་ཏུ་ངེས་པ་དང་། ཆ་འཕྲིན་བརྒྱུད་བསྒྲགས་དང་སྤེལ་རེས་བྱ་རྒྱུ་དེ་སྐད་ཡིག་གི་སྣང་ཚུལ་ཁོ་ན་མ་ཡིན་པར་རིག་གནས་ལས་བརྒལ་བའི་སྣང་ཚུལ་ཞིག་ཀྱང་ཡིན་པའི་ཕྱིར། འོ་ན་གསར་འགྱུར་ཡིག་སྒྱུར་ཁྲོད་ཀྱི་རིག་གནས་ཀྱི་ཁྱད་པར་ལས་མངོན་པའི་སྣང་ཚུལ་དེ་རིགས་ཇི་ལྟར་བྱས་ཏེ་ཐག་གཅོད་ཡང་དག་པར་བྱེད་དགོས་སམ་ཞེ་ན། ཁོ་བོའི་བསམ་པར། ཡིག་སྒྱུར་ནི་མ་ཡིག་མི་ཤེས་པའི་མིའི་ཚོགས་པར་དམིགས་པ་ཞིག་ཡིན་ཕྱིན། ཚོགས་པ་དེའི་ཡུན་ནས་འཇགས་པའི་འཚོ་བའི་གོམས་གཤིས་དང་།  སྐད་གཤིས། ཆོས་ལུགས་དད་ཞེན། སྤྱི་ཚོགས་ལོ་རྒྱུས་སོགས་ལ་བསྟུན་རྒྱུ་གལ་ཆེ་བར་སེམས། དཔེར་ན་བོད་པ་རྣམས་ཀྱིས་ཚོས་མདོག་དམར་པོ་ནི་དྲག་པོའི་མཚོན་སྟངས་ཤིག་ཏུ་བརྩིས་ནས་“མི་དམར་ཤེད་ཅན་”དང་“བཙན་དམར་པོ་”ཞེས་འབོད་མོད། རྒྱ་རིགས་རྣམས་ཀྱིས་ནི་ཆང་ས་སོགས་བཀྲ་ཤིས་པའི་མཛད་སྒོ་ཅི་ཞིག་སྤེལ་ཡང་གོས་དམར་པོ་གྱོན་ནས་རྟེན་འབྲེལ་མཚོན་ཐབས་བྱེད་པ་ཡིན་པས། དེའི་སྐབས་བསྒྱུར་བྱའི་ནང་དོན་རྒྱ་མི་རིགས་ཀྱི་སྐོར་ཡིན་ན། ལོ་ཙཱ་བས་མ་ཡིག་གི་བསྟན་དོན་ཇི་བཞིན་བུ་ཡིག་ཀློག་པ་པོས་གོ་ཐུབ་པ་དང་གོ་བ་ལོག་སྒྲུབ་མི་ཡོང་བ་ཞིག་ཏུ་ཕབ་སྒྱུར་བྱ་རྒྱུ་ནི་གནད་ཀྱི་དམ་པའོ། གལ་ཏེ་ལོ་ཙཱ་བས་མི་རིགས་གཉིས་ཀྱི་རིག་གནས་ཀྱི་རྒྱབ་ལྗོངས་དང་ལོ་རྒྱུས་ཀྱི་ཤེས་བྱར་དོ་སྣང་མ་བྱས་པར་རྒྱ་ཡིག་“红色” ཞེས་པ་ལྟ་བུ་དམར་པོའི་དོན་ཁོ་ནར་ངོས་བཟུང་སྟེ་“红色歌曲” ཞེས་པར“དམར་པོའི་གླུ་གཞས་” ཞེས་པའམ་ཡང་ན།  “གླུ་གཞས་དམར་པོ་”ཞེས་བསྒྱུར་ཕྱིན། བཞད་གད་ཆེན་པོ་སློང་རྒྱུ་ལས་མ་འདས། དེ་བཞིན་དཔེར་ན། “遗体送别仪式” ཞེས་པ་ལྟ་བུར་འགའ་ཞིག་གིས་“སྐུ་ཕུང་ལ་ཞལ་གྱེས་ཞུ་བའི་མཛད་སྒོ་”ཞེས་བསྒྱུར་མོད། “仪式” ཞེས་པ་ནི་རྒྱ་སྐད་ནང་ཡག་ཉེས་ཚང་མར་འཇུག་པ་ཞིག་ཡིན་པ་དང་།  བོད་སྐད་ཀྱི་“མཛད་སྒོ་”ཞེས་པ་ནི་སྤྱིར་རྟེན་འབྲེལ་སོགས་ལ་འཇུག་པ་ལས། གུད་ཆགས་དང་བཀྲ་མ་ཤིས་པའི་ལས་ལ་གཏན་ནས་འཇུག་སྲོལ་མེད། ད་དུང་དཔེར་ན། དེང་སྐབས་རྒྱ་ཡིག་ནང་ཐོན་མང་བའི་“思想建设” ཟེར་བར་ལོ་ཙཱ་བ་མང་པོ་ཞིག་གིས་བློ་ཁོག་ཆེན་པོས་“བསམ་བློ་འཛུགས་སྐྲུན”ཞེས་པར་བསྒྱུར་མོད། དེ་ནི་བོད་ཀྱི་ཤེས་རིག་ཁྲོད་ཟེར་སྲོལ་གཏན་ནས་མེད་ལ། བོད་རིགས་ཀྱི་བསམ་བློར་ཤོང་ཐབས་ཀྱང་མེད་པ་ཞིག་ཡིན། གང་ལགས་ཤེ་ན། བོད་ཀྱི་རིག་གནས་ནང་དུ་འཛུགས་སྐྲུན་ཞེས་པའི་ཐ་སྙད་དེ་ཉིད་སྤྱིར་ན་ཨར་ལས་ལ་གོ་བ་ཙམ་ལས་ནང་བསམ་བློར་འཇུག་སྲོལ་མེད་པའི་ཕྱིམ འོ་ན་ཇི་ལྟར་བསྒྱུར་ན་ལེགས་སྙམ་ན། དེ་ནི་བོད་པའི་ཐ་སྙད་“བློ་སྦྱོང་”ཞེས་པས་འཐུད་པར་སྙམ་སྟེ། དེས་མ་ཡིག་གི་བསྟན་དོན་ཇི་བཞིན་མཚོན་ཐུབ་པ་མ་ཟད། ཚིག་འབྲུ་ཉུང་ལ་ནང་དོན་ཚགས་ཚུད་པ། བོད་མི་ཕལ་ཆེར་གྱིས་གོ་ཐུབ་པ་ཞིག་ཡིན་པའི་ཕྱིར། དེར་བརྟེན་ང་ཚོ་གསར་འགྱུར་ལོ་ཙཱ་བས་ཡིག་རིགས་གཉིས་ཀྱི་རིག་གནས་རྒྱབ་ལྗོངས་ཤེས་བྱར་དོ་སྣང་ཤུགས་ཆེ་བྱས་ཏེ་བསྒྱུར་བྱའི་བསྟན་དོན་ཇི་བཞིན་ནོར་འཁྲུལ་མེད་པར་བུ་ཡིག་ལྟ་མཁན་གྱིས་དང་ལེན་ཐུབ་པ་ཞིག་ཏུ་ཕབ་བསྒྱུར་བྱ་རྒྱུ་ནི་གལ་ཆེན་པོར་མཐོང་།
        བཞི། བོད་ལྗོངས་སུ་ཡིག་སྒྱུར་གྱི་སྤུས་ཚད་ལེགས་ཞན་དེ་བོད་སྐད་ཡིག་གི་ཆུ་ཚད་མཐོ་དམའ་དང་ཐད་ཀའི་འབྲེལ་བ་ཡོད་སྐོར།
        ཞུས་ཆེན་ལོ་ཙཱ་བ་དབང་ཕྱུག་ལགས་ཀྱིས་དེ་སྔོན་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་ལོ་ཙཱ་བ་རྣམས་ལ་ཡིག་སྒྱུར་སྐོར་གྱི་འཆད་ཁྲིད་གནང་སྐབས། “སྤྱིར་ཡིག་སྒྱུར་ནི་སྐད་ཡིག་གཉིས་ཕན་ཚུན་ཕབ་བསྒྱུར་བྱེད་པའི་བྱ་བ་ཞིག་ཡིན་པས། སྐད་ཡིག་གཉིས་ཀའི་བྱང་ཚད་ངེས་ཅན་ལྡན་དགོས་པ་ནི་སྨོས་མེད་རེད། ཡིན་ནའང་ངའི་མྱོང་ཚོར་ནས་བཤད་ན། རྒྱ་སྐད་ཡིག་ནས་བོད་སྐད་ཡིག་ཏུ་ཕབ་བསྒྱུར་བྱེད་མཁན་ལོ་ཙཱ་བ་ཞིག་གི་ངོས་ནས་བཤད་ན། རྒྱ་ཡིག་གི་ཆུ་ཚད་ངེས་ཅན་ལྡན་པའི་ཐོག་བོད་ཡིག་གི་ཆུ་ཚད་དེ་བས་མཐོ་བ་ཡོད་དགོས་ཀྱི་འདུག སྔར་ནས་ད་བར་གྱི་བོད་ཀྱི་ལོ་ཙཱ་བའི་ཁྲོད་ཀྱི་ཅུང་སྐད་གྲགས་ཡོད་པ་ཕལ་ཆེ་བ་རྒྱ་ཡིག་ལས་བོད་ཡིག་ཆུ་ཚད་མངོན་གསལ་གྱིས་མཐོ་བ་ཡོད་པ་ཤ་སྟག་ཡིན་ཅིང་། ཁོང་རྣམ་པའི་འགྱུར་སྤུས་དག་པའི་ཡིག་སྒྱུར་བརྩམས་ཆོས་ཚང་མར་བོད་ཡིག་ཆུ་ཚད་མཐོ་པོ་ཡོད་པའི་མཚོན་ཚུལ་གསལ་པོ་ཡོད......”ཅེས་གསུངས་ཤིང་། ཁོང་གི་ལག་ལེན་དངོས་ཀྱི་ཉམས་མྱོང་ལས་ཐོན་པའི་བཀའ་མོལ་དེ་འདྲ་བས་བོད་ལྗོངས་སུ་ཡིག་སྒྱུར་གྱི་སྤུས་ཚད་མཐོ་རུ་གཏོང་དགོས་ན། རྒྱའི་རིག་གནས་ཀྱི་རྒྱབ་ལྗོངས་དང་སྐད་ཡིག་ལ་སྔར་བས་ཟབ་པའི་སློབ་སྦྱོང་བྱེད་དགོས་པ་མ་ཟད། ལྷག་པར་དུ་བོད་སྐད་ཡིག་གི་ཆུ་ཚད་མཐོ་རུ་གཏོང་རྒྱུར་དེ་བས་ཀྱང་ཤུགས་རྒྱག་དགོས་པའི་གནད་ལུགས་བསྟན་ཡོད། མིག་སྔའི་བོད་ལྗོངས་ཀྱི་བོད་ཡིག་ཚགས་པར་ཆེ་ཆུང་ཁག་དང་། དེ་བཞིན་བོད་ཡིག་དུས་དེབ་རེ་ཟུང་གི་ཐོག་ཏུ་བཀོད་པའི་ཡིག་སྒྱུར་བརྩམས་ཆོས་མང་པོ་ཞིག་གི་ཚིག་སྦྱོར་མི་ལེགས་པ་དང་། ཕྲད་སྦྱོར་མི་དག་པ་སོགས་ཀྱི་སྐྱོན་དེ་དག་ནི་གཙོ་བོ་ལོ་ཙཱ་བའི་བོད་ཀྱི་བརྡ་སྤྲོད་ཤེས་བྱ་ཞན་པ་ལས་བྱུང་བའི་མཇུག་འབྲས་ཤིག་ཡིན་ཏེ། དཔེར་ན་ལོ་ཙཱ་བ་མང་པོ་ཞིག་གི་བོད་སྐད་ཡིག་གི་བྱང་ཚད་དང་དེ་བཞིན་བོད་ཡིག་ཐ་སྙད་ཁོང་དུ་ཆུད་ཚད་ཅུང་དམའ་པོ་ཡིན་སྟབས། མ་ཡིག་དུམ་བུ་ཞིག་བོད་སྐད་ཡིག་ཏུ་ཕབ་བསྒྱུར་བྱེད་སྐབས་གཙོ་བོ་ཚིག་མཛོད་ཁོ་ནར་བརྟེན་ནས་ཐ་སྙད་ཁག་ཕབ་བསྒྱུར་བྱེད་པ་ཡིན་པས། དེ་འདྲའི་ཡིག་སྒྱུར་བརྩམས་ཆོས་ལ་ཚིག་སྦྱོར་མི་བདེ་བ་སོགས་ཀྱི་སྐྱོན་མི་ཞུགས་ག་ལ་སྲིད། སྤྱིར་ན་ཚིག་མཛོད་ནས་དྲངས་པའི་ཐ་སྙད་དེ་དག་ལ་གོ་དོན་ལྡོག་པའི་སྐྱོན་ཡོད་མི་སྲིད་མོད། བོད་སྐད་ཡིག་ལ་མིང་ཚིག་ཕུན་སུམ་ཚོགས་པོ་དང་དོན་གཅིག་མིང་གི་རྣམ་གྲངས་སུ་གྱུར་པའི་ཐ་སྙད་ཧ་ཅང་མང་པོ་ཡོད་པ་དེ་དག་ལས་སྐབས་དེར་གང་ཞིག་འཚམ་པ་ཡོད་མེད་ཀྱི་གདམ་ཁ་ལེགས་པོ་མ་ཐུབ་པས། ཡིག་སྒྱུར་བརྩམས་ཆོས་ལས་མིང་ཚིག་འཇུག་པོ་མེད་པའི་སྣང་བ་རང་དགར་མངོན་པ་སྨོས་ཅི་དགོས། དེ་བཞིན་དུ་བོད་སྐད་ཡིག་གི་ཚིག་ཕྲད་ལ་དོན་སྔ་ཕྱི་འདྲེན་པ་དང་། བརྗོད་བྱའི་དོན་གཞན་སྟོན་པའམ།   དོན་ལྷག་མ་སྟོན་པ་སོགས་འབྲེལ་ཟམ་གྱི་ནུས་པ་དང་བརྗོད་དོན་ཇེ་གསལ་དུ་གཏོང་བའི་ནུས་པ་བླ་ལྷག་ཏུ་ལྡན་མོད། ལོ་ཙཱ་བ་ཁག་གཅིག་གི་བོད་སྐད་ཡིག་གི་བྱང་ཚད་མཐོ་པོ་མེད་པའི་རྐྱེན་ལས། ཡིག་སྒྱུར་བརྩམས་ཆོས་ནང་གཅོད་མཚམས་མི་ལེགས་པ་དང་། ཚིག་ཕྲད་རྣམ་པ་གཅིག་རྐྱང་སྟེ། དང་སྒྲ་ལྟ་བུའམ་ཡང་ན་ཅིང་ཞིང་ཤིང་སོགས་བསྟུད་མར་སྦྱོར་བ། ཡང་ན་བྱེད་འབྲེལ་གྱི་ཕྲད་བསྡུ་དགོས་སར་བསྡུ་མ་ཤེས་པས་ཨུ་ཚུགས་ཀྱིས་སྦྱར་བ་སོགས་སྒྱུར་རྩོམ་གྱི་བརྗོད་པ་དང་ཚིག་སྦྱོར་ཤིན་ཏུ་ནས་མི་བདེ་བའི་སྣང་ཚུལ་ཐོན་དང་འཐོན་བཞིན་ཡོད། གང་ལྟར་ད་ཕན་གྱི་ཡིག་སྒྱུར་བརྩམས་ཆོས་མང་པོ་ཞིག་གི་བརྗོད་པ་མི་བདེ་བ་དང་། དོན་ངོ་འཕྲོད་དཀའ་བ། ཚིག་སྦྱོར་མཁྲེགས་པ། དེ་བཞིན་དུ་བོད་སྐད་ཡིན་པ་གང་ཞིག་ལ། མི་རིགས་གཞན་གྱི་སྐད་ཆ་ལྟ་བུར་སོང་བ་སོགས་ཀྱི་ཞན་ཆ་དེ་རིགས་ལས་མང་པོ་ཞིག་ནི། ལོ་ཙཱ་བའི་བོད་སྐད་ཡིག་གི་ཆུ་ཚད་དམའ་ཐག་ཆོད་པ་ལས་བྱུང་བ་གསལ་པོ་ཡིན། དེའི་ཕྱིར་རྒྱ་ཡིག་བོད་ཡིག་ཏུ་ཕབ་བསྒྱུར་བྱེད་མཁན་ལོ་ཙཱ་བ་ཚང་མས་ཡིད་ཚིམ་པ་མེད་པའི་ཐོག་ནས་ཡིག་སྒྱུར་གྱི་དགོས་གལ་ལ་དམིགས་ཏེ་བོད་སྐད་ཡིག་གི་ཆུ་ཚད་རྒྱུན་ཆད་མེད་པར་གོང་མཐོར་གཏོང་དགོས་པ་ནི་གནད་ཀྱི་དམ་པའོ།
        མདོར་ན། རྒྱ་ཡིག་གསར་འགྱུར་བོད་ཡིག་ཏུ་ཕབ་བསྒྱུར་བྱེད་པ་ནི་མིག་སྔར་བོད་ཀྱི་ཡིག་སྒྱུར་བྱ་བའི་ཁྲོད་ཁྱབ་རྒྱ་ཆེ་བ་དང་། སྒྱུར་ཚད་མཐོ་ཤོས་ཀྱི་གྲས་སུ་སླེབས་ཀྱི་ཡོད། དེའི་དམིགས་ཡུལ་གཙོ་བོ་ཡང་ཏང་གི་མཛད་ཕྱོགས་སྲིད་ཇུས་དང་ཚན་རིག་རིག་གནས་ལ་སོགས་པའི་ཤེས་བྱ་རྣམས་རྒྱ་ཆེའི་བོད་རིགས་མང་ཚོགས་ཚོར་དྲིལ་བསྒྲགས་བྱ་རྒྱུ་དེ་ཡིན་ཙ་ན། ལས་འགན་ལྕི་ལ་གཟི་བརྗིད་ཆེ་བ་ཞིག་ཡིན་པས། ང་ཚོ་གསར་འགྱུར་ལོ་ཙཱ་བས་དུས་དང་རྣམ་པ་ཀུན་ཏུ་གསར་འགྱུར་ལོ་ཙཱའི་གལ་ཆེན་རང་བཞིན་ལ་ངོས་འཛིན་ཁ་གསལ་ཡང་དག་དགོས་པ་དང་། ཁྲལ་སེལ་སླ་བཅོས་ཀྱི་བསམ་བློ་རྒྱང་དུ་བསྲིངས་ཏེ། གང་ཐུབ་ཅི་ཐུབ་ཀྱིས་བོད་རྒྱ་རིག་གནས་ཀྱི་བརྡ་སྤྲོད་ཤེས་བྱ་སློབ་པར་ཤུགས་སྣོན་དང་། སྔར་བས་མང་བའི་ཐ་སྙད་ཁོང་དུ་ཆུད་རྒྱུར་ཤུགས་སྣོན་རྒྱག་དགོས་པ། ཆབས་ཅིག་གསར་ཐོན་བྱ་དངོས་ཀྱི་ཐ་སྙད་གསར་པ་རྣམས་བོད་རང་སྐྱོང་ལྗོངས་སོགས་བཀས་བཅད་ཨུ་ལྷན་ནས་བཀས་བཅད་ཇི་ལྟར་མཛད་པ་དེ་ལྟར་གཅིག་གྱུར་ལག་བསྟར་བྱེད་དགོས་པ། ཁྱད་པར་བོད་རང་སྐྱོང་ལྗོངས་སུ་བོད་ཡིག་གསར་འགྱུར་ཀློག་པ་པོ་དང་ཉན་པ་པོ་ནི་ཤེས་ཡོན་ཅན་ཤ་སྟག་མིན་པར་མི་སེར་དཀྱུས་མ་དེ་བས་མང་བ་ཡོད་པའི་དོན་དངོས་ལ་གཞིགས་ནས། བོད་མིའི་སྐད་ཡིག་གི་འགྲོ་ལུགས་དང་བསྟུན་རྒྱུར་འབད་དགོས་པ་སོགས། འདིར་རང་ཉིད་གསར་འགྱུར་ལོ་ཙཱའི་ལས་གནས་སུ་ཡུན་རིང་བསྡད་པའི་མྱོང་བྱ་ཐོར་བུ་སྦ་གསང་མེད་པར་ཞུས་པར། ཚིག་དོན་གཉིས་ཐད་ནས་ནོར་འཁྲུལ་དང་བསྐྱར་ཟློས་སོགས་ཀྱི་ཞན་ཆ་ཡོད་ངེས་པས། མཁྱེན་དཔྱོད་ཡངས་པའི་ལོ་ཙཱ་བ་རྣམ་པས་ཡོ་བསྲང་བཀའ་སློབ་ཡོང་བའི་རེ་བ་ཞུ་རྒྱུ་དང་བཅས།  །
        དཔྱད་གཞིའི་ཡིག་ཆ་གཙོ་བོ་དང་གསལ་བཤད།
        ༡ འཕྲིན་ལས་ཆོས་གྲགས་ཀྱིས་མཛད། 《བོད་ཀྱི་ལོ་ཙཱའི་རིགས་ལམ་རྣམ་བཤད་བློ་གསལ་འཇུག་ངོགས་》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༡ལོའི་ཟླ་༢པར་དཔར།
        ༢ ཀྲང་ཅང་གིས་མཛད། 《གསར་འགྱུར་ཡིག་སྒྱུར་སློབ་དེབ་》 ཧྲང་ཧའེ་ཕྱིའི་སྐད་ཡིག་སློབ་གསོ་དཔེ་སྐྲུན་ཁང་། ༢༠༠༨ལོའི་ཟླ་༦པར་བསྐྲུན།
        ༣ ཕེང་གྲུང་དབྱིན་གྱིས་མཛད།《ཉེར་སྤྱོད་ཡིག་སྒྱུར་སློབ་དེབ་》 ཕྱིའི་སྐད་ཡིག་སློབ་ཁྲིད་དང་ཞིབ་འཇུག་དཔེ་སྐྲུན་ཁང་། ༡༩༩༤ལོའི་ཟླ་༦པར་དཔར།
        ༤ 《བོད་ཀྱི་སྤྱི་སྐད་གཏན་འབེབས་བྱེད་ཐབས་སྐོར་གྱི་དཔྱད་རྩོམ་ཕྱོགས་སྒྲིག་》 མི་རིགས་དཔེ་སྐྲུན་ཁང་། ༡༩༩༩ལོའི་ཟླ་༩པར་དཔར།
        ༥ ལིའུ་སྨི་ཆིང་གིས་མཛད། 《དེང་སྐབས་ཡིག་སྒྱུར་རིག་པའི་གཞུད་ལུགས་》 ཀྲུང་གོ་ཕྱི་ཕྱོགས་ཡིག་སྒྱུར་དཔེ་སྐྲུན་ཀུང་སི། ༡༩༩༩ལོའི་ཟླ་༨པར་དཔར།
        ༦ རྩོམ་ཡིག་འདིའི་ནང་བཀོད་པའི་དཔེ་ཚང་མ་བོད་ལྗོངས་ཉིན་རེའི་བོད་ཡིག་ཚགས་པར་ལས་དྲངས་པའོ། །

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1