ཕྱི་རྒྱལ་གྱི་ཕྱི་འགྲིམས་སློབ་མ་མཐོ་སྒང་ལ་བསྐྱོད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-26



      ཀྲུང་གོ་གསར་འགྱུར་ཁང་ལྷ་ས་ནས་ཟླ་7ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་14ཉིན་ནས་ཟླ་7ཚེས་20ཉིན་བར་ཀྲུང་གོའི་སྨྱན་སྦྱོར་སློབ་ཆེན་གྱི་ཨ་རི་དང་ཁ་ན་ཏ། ཡུག་རེན། ནི་ཀྲེ་རི་ཡ་སོགས་རྒྱལ་ཁབ་བརྒྱད་ནས་ཡོང་བའི་ཕྱི་འགྲིམས་སློབ་མ་8ཀྱིས་བོད་རང་སྐྱོང་ལྗོངས་ལྷ་ས་དང་ཉིང་ཁྲི་ས་གནས་གཉིས་སུ་སྲོལ་རྒྱུན་གྱི་དམངས་སྲོལ་དང་དེང་རབས་ཀྱི་ཚན་རྩལ་ཐད་ནས་ལྟ་སྐོར་དང་ཉམས་ལེན་བྱས་པ་རེད།

     “བོད་ཀྱི་འཕེལ་རྒྱས་དེ་འདྲའི་དེང་རབས་ཅན་ཡིན་པ་བསམ་ཡུལ་ལས་འདས་སོང་། ཞིང་ལས་ཚན་རིག་ཁང་དུ་ཚན་ཞིབ་མི་སྣས་རང་ཉིད་ཀྱིས་སྦྱངས་པའི་ལག་རྩལ་ལ་བརྟེན་ནས་བོད་ཀྱི་ཞིང་འབྲོག་ཐོན་ལས་ལ་ཞབས་འདེགས་ཞུ་བཞིན་ཡོད་པ་མཐོང་སྐབས་ཁོང་ཚོའི་སྙིང་སྟོབས་ཀྱིས་ང་ལ་སེམས་འགུལ་ཐེབས་བྱུང་།” ཡུག་རེན་ནས་ཡིན་པའི་ Nika ཀྲུང་གོར་ཡོང་ནས་ལོ་8འགོར་སོང་། བོད་དུ་མ་ཡོང་གོང་ Nika ཡིས་དྲ་ཐོག་ནས་བོད་ཡུལ་ལྗོངས་མཛེས་ཤོས་ཀྱི་ས་ཆ་ཞིག་ཡིན་པ་ཤེས་རྟོགས་བྱུང་བ་དང་། ད་རེས་ཀྱི་དམངས་སྲོལ་ཉམས་ལེན་དང་འཚོལ་བསྡུ་བྱེད་སྟངས་བརྒྱུད་རང་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད། “གནས་འདིའི་མི་རྣམས་ཀྱིས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པ་དང་ཆབས་ཅིག བྱ་དངོས་གསར་པ་དང་ལེན་བྱེད་འདོད་ཆེན་པོ་འདུག  བོད་དུ་ཡོང་རིན་ཡོད་པ་ཞིག་རེད། དྲ་ཐོག་ཏུ་པར་རིས་མང་པོ་ཡོད་ལ་ཧ་ཅང་མཛེས་པོ་ཡོད་མོད། འོན་ཀྱང་རང་ཉིད་དངོས་སུ་སླེབས་ཚེ་གཞི་ནས་དེ་བས་ལངས་གཟུགས་ཅན་གྱི་བོད་ལྗོངས་ཤིག་མྱོང་ཚོར་ཐུབ་ཀྱི་ཡོད”ཅེས་བཤད། 


     Nika དང་འདྲ་བར་ད་ཐེངས་ཀྱི་འཚོལ་བསྡུ་ཚོགས་པའི་ཕྱི་འགྲིམས་སློབ་མ་ཚང་མ་བོད་དུ་བསྐྱོད་ཐེངས་དང་པོ་རེད། “ཇ་བསྲུབས་མ་དེ་གང་འདྲ་བྱས་ནས་བཟོས་པ་རེད་དམ།” “བོད་རིགས་ཀྱིས་རྒྱུན་དུ་བོད་ལྭ་གྱོན་གྱི་ཡོད་དམ།” “བོད་སྐྱོར་ལས་དོན་མི་སྣས་ཇི་ལྟར་བྱས་ནས་རྫ་དུག་ཁྱད་གསོད་བྱེད་ཀྱི་ཡོད་དམ་”ཅེས་བཤད། ས་ཚིགས་རེར་སླེབས་སྐབས་ཕྱི་འགྲིམས་སློབ་མ་ཚོ“མཚར་སྣང་གིས་ཕྱུག་པའི་ཕྲུ་གུ”ཞིག་ལྟར་སྐབས་རེར་དྲི་བ་འདྲི་བ་དང་སྐབས་རེར་པར་རྒྱག་གི་ཡོད། མིག་གིས་མཐོང་ཚད་ལ་མཚར་སྣང་གིས་ཁེངས་ཡོད།

     ཡེ་མེན་ནས་ཡིན་པའི་ཕྱི་འགྲིམས་སློབ་མ་Alaaཡིས་གཙུག་ལག་ཁང་ལ་ལྟ་སྐོར་བྱས་རྗེས་ལྷ་སའི་དབྱི་སི་ལན་ཆོས་ཁང་དུ་ཡོང་ཞིང་། ཁོང་གིས“ལྷ་སར་ཨ་རབ་སྐད་སྨྲ་ཤེས་མཁན་གྱི་བོད་མི་དང་འཕྲད་པ་མ་ཟད། དབྱི་སི་ལན་ཆོས་ཁང་དེ་གཙུག་ལག་ཁང་དང་ཕོ་བྲང་པོ་ཏ་ལའི་བར་ཐག་ཧ་ཅང་ཉེ་བའི་སར་གནས་ཤིང་། དད་ལྡན་མང་ཚོགས་ཀྱིས་ཁེངས་པའི་བར་སྐོར་དང་མཉམ་དུ་འདྲེས་ཡོད། ངའི་བསམ་པར་འདི་ནི་ཆོས་ལུགས་ཞི་མཐུན་གྱི་རྣམ་པ་ཞིག་རེད་སྙམ་གྱི་འདུག”ཅེས་བཤད།


     བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ཚ་བའི་ཁུལ་གྱི་ཤིང་འབྲས་ཚོད་ལྟའི་དྲོད་ཁང་ནང་ཚ་ཁུལ་དུ་སྐྱེས་པའི་ཤིང་འབྲས་བཏབ་ཡོད། ཕྱི་རྒྱལ་གྱི་ཕྱི་འགྲིམས་སློབ་མས་ཚོས་སྨིན་ཟིན་པའི་མེ་ཏོག་མེད་པའི་ཤིང་འབྲས་བཏོགས་ནས་ཕན་ཚུན་ལོངས་སྤྱོད་བྱེད་ཀྱི་ཡོད། བོད་དུ་བཏབ་པའི་མེ་ཏོག་མེད་པའི་ཤིང་འབྲས་ཟ་ཞོར་མ་ལེ་ཞི་ཡ་ནས་ཡོང་བའི་ཀྲོའུ་དབྱི་ཐིང་གིས་རང་གི་རྒྱལ་ཁབ་དྲན་གྱི་འདུག “བསམ་ཡུལ་ལས་འདས་པ་ཞིག་ནི་མཐོ་སྒང་ནས་ཕ་ཡུལ་གྱི་ཤིང་འབྲས་ཟ་ཐུབ་པ་མ་ཟད། བཏོགས་མ་ཐག་པའི་མེ་ཏོག་མེད་པའི་ཤིང་འབྲས་གསར་པ་རེད”ཅེས་བཤད།

     ཕོ་བྲང་པོ་ཏ་ལར་ལྟ་སྐོར་དང་། བོད་ཤོག་བཟོ་བ། བོད་ཀྱི་ཡིག་གཟུགས་སྦྱོང་བ། ཀོང་པོའི་བོད་ལྭ་གྱོན་པ་སོགས་ཉམས་ལེན་བྱས་པ་རེད། གཟའ་འཁོར་གཅིག་ཀྱང་འགོར་མེད་པའི་བྱེད་སྒོ་བརྒྱུད་ནས་ཕྱི་འགྲིམས་སློབ་མ་ཚོའི་ཤེས་རྒྱ་ཆེ་རུ་བཏང་བ་མ་ཟད། ལྷད་མེད་ཀྱི་མཛའ་བརྩེ་ཡང་ཐོབ་ཡོད། ཕྱི་འགྲིམས་སློབ་མ་Alaaཡིས་བྱེད་སྒོའི་རིང་བོད་རིགས་ཀྱི་སློབ་ཆེན་སློབ་མ་པད་མ་དབྱངས་སྐྱིད་དང་མཛའ་བརྩེ་ཟབ་མོ་བཙུགས་ཡོད། “བོད་ལྗོངས་ལ་མི་རིགས་ཀྱི་རྣམ་པ་ཟབ་མོ་ཡོད་དེ་ཚང་མས་རྟག་ཏུ་མཉམ་དུ་གཞས་གཏོང་བ་དང་ཞབས་བྲོ་འཁྲབ་ཀྱི་ཡོད་པ་མ་ཟད། བོད་རིགས་མི་དམངས་དངོས་གནས་སེམས་རྩ་འཁོལ་པོ་ཡོད། པད་མ་དབྱངས་སྐྱིད་དང་ངོ་ཤེས་ཐུབ་པའང་ང་རང་ཧ་ཅང་དགའ་པོ་བྱུང་”ཞེས་བཤད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1