ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 07-30


        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྤྱི་ཚེས28ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་ནས། ཀྲུང་དབྱང་ནོར་སྲིད་ཀྱི་ཚན་ཞིབ་འགྲོ་གྲོན་དོ་དམ་གྱི་བསྒྱུར་བཅོས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་བརྒྱུད་ཚན་ཞིབ་མི་སྣར་འགྲོ་གྲོན་དོ་དམ་བྱེད་པའི་རང་བདག་དབང་ཆ་སྔར་བས་ཆེ་བ་སྤྲོད་རྒྱུ་དང་། སོན་ཕག་གི་ཐོན་ནུས་བརྟན་པོ་ཡོང་བ་བྱེད་པའི་བྱ་ཐབས་གཏན་འཁེལ་བྱས་པ་དང་། མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བ་བྱེད་པ། ཕག་ཤའི་བདེ་འཇགས་མཁོ་སྤྲོད་ཀྱི་འགན་སྲུང་ནུས་པ་ཆེ་རུ་གཏོང་རྒྱུ་བཅས་ཀྱི་བཀོད་ཇུས་གནང་ཡོད།
        གྲོས་ཚོགས་ཐོག ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་ཇུས་ལྟར། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ་དང་། རང་རྒྱལ་འདི་ཉིད་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པའི་གནས་བབ་ཧྲིལ་པོའི་ཁྲོད་གསར་གཏོད་ཀྱིས་བཟུང་བའི་ལྟེ་བའི་གནས་བབ་རྒྱུན་འཁྱོངས་བྱེད་པ། ཚན་ཞིབ་མི་སྣས་དོ་ཁུར་བྱེད་གཞིར་དམིགས་ཏེ་ཚན་ཞིབ་ཀྱི་ཆོས་ཉིད་དང་མི་མཐུན་པའི་གྲོན་དངུལ་དོ་དམ་གཏན་འབེབས་མེད་པ་བཟོས་ནས་ཚན་ཞིབ་མི་སྣས་རང་འཁྲིའི་ལས་ལ་གཞོལ་རྒྱུར་སྐུལ་ལྕག་བྱེད་དགོས། གྲོས་ཚོགས་ཐོག ཀྲུང་དབྱང་ནོར་སྲིད་ཀྱི་ཚན་ཞིབ་གྲོན་དངུལ་དོ་དམ་ལ་སྔར་བས་བསྒྱུར་བཅོས་དང་འཐུས་ཚང་དུ་གཏོང་རྒྱུའི་བྱེད་ཐབས་གཏན་འཁེལ་བྱས་ཡོད།
        དེ་ཡང་གཅིག་ནི། སྔོན་རྩིས་ཀྱི་རྣམ་གྲངས་ཞིབ་ཚགས་སུ་བཏང་ནས། སྒྲིག་ཆས་ཀྱི་གྲོན་དངུལ་སོགས་སྔོན་རྩིས་ལེགས་སྒྲིག་བྱེད་དབང་ཚང་མ་རྣམ་གྲངས་འགན་ལེན་ཚན་པར་གཤམ་སྤྲོད་བྱེད་དགོས། རྨང་གཞིའི་ཞིབ་འཇུག་རིགས་དང་ཤེས་ལྡན་པའི་རིགས་ཀྱི་རྣམ་གྲངས་ལ་གྲོན་དངུལ་སྒྲུབ་འགན་གཙང་ལེན་ལམ་ལུགས་ལག་ལེན་བསྟར་དགོས། གཉིས་ནི། ཚན་ཞིབ་མི་སྣར་སྐུལ་ལྕག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བར་རྒྱུད་གྲོན་དངུལ་གྱི་བསྡུར་ཚད་མཐོ་རུ་གཏོང་བ། ཚན་ཞིབ་གྲོན་དངུལ་ཁྲོད་ནས་མི་སྤྱོད་གྲོན་དངུལ་གྱིས་བརྒྱ་ཆ50ཡན་ཟིན་ཆོག་པ། ཨང་རྩིས་སོགས་རིགས་གཞུང་རྐྱང་པའི་རྨང་གཞིའི་ཞིབ་འཇུག་རྣམ་གྲངས་ཀྱི་བར་རྒྱུད་གྲོན་དངུལ་གྱི་བསྡུར་ཚད་དེ་བརྒྱ་ཆ60ཡན་མཐོར་གཏོང་བྱ་ཆོག་པ། ལས་ཁུངས་ཀྱིས་འཇལ་བའི་རྣམ་གྲངས་གདན་ཞུའི་མི་སྣའི་སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་རོགས་དངུལ་དང་། སྡོད་ཁང་སྤྱི་གསོག་མ་དངུལ་སོགས་ངལ་ལས་ཀྱི་གྲོན་དངུལ་ཁྲོད་བཅུག་པ། ཚན་རྩལ་གྲུབ་འབྲས་དངུལ་སྨར་གྱི་བྱ་དགར་བསྒྱུར་བའི་རིགས་ལ་ལས་ཁུངས་ཀྱི་ལས་ཕྱོད་གླ་ཕོག་སྤྱི་འབོར་གྱི་ཚད་བཀག་མི་ཐེབས་པ། གསུམ་ནི། རྣམ་གྲངས་ཀྱི་ལས་འགན་ཡིག་ཆར་མིང་རྟགས་བཀོད་པའི་རྗེས་ཀྱི་ཉིན30ཡི་ནང་ཚུན་དུ། གྲོན་དངུལ་དེ་འགན་ལེན་ཚན་པར་སྤྲོད་དགོས། རྣམ་གྲངས་ཀྱི་མ་དངུལ་ལྷག་འཕྲོ་རྣམས་འགན་ལེན་ཚན་པས་བེད་སྤྱོད་གཏོང་དགོས། ཚན་ཞིབ་གྲོན་དངུལ་གྱི་ཁྲོད་ནས་བཏང་བའི་རྒྱལ་སྤྱིའི་མཉམ་ལས་དང་སྤེལ་རེས་ཀྱི་གྲོན་དངུལ་དེ་གཞུང་གསུམ་གྱི་གྲོན་དངུལ་ཁྱབ་ཁོངས་ནང་འཇུག་མི་ཆོག་པ། བཞི་ནི། རྣམ་པ་གསར་པའི་ཞིབ་སྤེལ་ལས་ཁུངས་ཀྱིས་སྔོན་རྩིས+ལྡོག་ཕྱོགས་རྩིས་ཐོའི་དོ་དམ་བྱ་ཐབས་ལག་ལེན་བསྟར་བར་རྒྱབ་སྐྱོར་བྱེད་པ་དང་། དམིགས་བསལ་གྱི་གཏན་འབེབས་ཡོད་པ་ཕུད། ནོར་སྲིད་མ་དངུལ་གྱིས་རྒྱབ་སྐྱོར་བྱས་ནས་ཐོབ་པའི་ཚན་ཞིབ་གྲུབ་འབྲས་དང་ཤེས་དབྱའི་ཐོན་དབང་ཁག་རྣམ་པ་གསར་པའི་ཞིབ་སྤེལ་ལས་ཁུངས་ལ་ཁྲིམས་ལྟར་དབང་བ་དང་། རང་བདག་ངང་བརྗེ་བསྒྱུར་དང་ཁྱབ་སྤེལ་གཏོང་དབང་ཡོད། ལྔ་ནི། ཚན་ཞིབ་རྣམ་གྲངས་ལས་གཉེར་བྱེད་སྐབས་འབྲེལ་ཡོད་ཕྱོགས་ནས་ཚན་ཞིབ་ནོར་དོན་མི་སྣ་བཀོད་སྒྲིག་བྱས་ཏེ། ཚན་ཞིབ་མི་སྣའི་བྱ་དོན་གྱི་ཁུར་པོ་ཡང་དུ་གཏོང་དགོས། འབྲེལ་ཡོད་ཀྱི་མི་ཤུགས་འགྲོ་གྲོན་དག་རྣམ་གྲངས་ཀྱི་གྲོན་དངུལ་སོགས་ཐབས་ལམ་བརྒྱུད་ཐག་གཅོད་བྱེད་དགོས། དྲུག་ནི། ཚན་ཞིབ་ཀྱི་གྲོན་དངུལ་ལ་ལྟ་སྐུལ་དོ་དམ་བྱེད་རྒྱུ་ལེགས་འགྱུར་བྱེད་དགོས། བྱ་དོན་སྒྲུབ་པའི་བརྒྱུད་རིམ་ཁྲོད་དང་བསྒྲུབས་ཚར་བའི་རྗེས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་རྩིས་བཤེར་ལྟ་སྐུལ་བྱེད་དགོས་པ་བཅས་ཡིན་པ་རེད། གྲོས་ཚོགས་ཐོག་གོང་གསལ་གྱི་བྱ་ཐབས་དག་དོན་འཁྱོལ་ནན་ཏན་བྱ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
        གྲོས་ཚོགས་ཐོག བྱ་ཐབས་མང་པོ་མཉམ་བཟུང་བྱེད་པ་བརྒྱུད་སོན་ཕག་ཐོན་སྐྱེད་བརྟན་དུ་གཏོང་དགོས་པ་དང་། མིག་སྔར་སོན་ཕག་གི་ཐོན་ནུས་དེ་ཉིད་རྒྱུན་ལྡན་གྱི་ལོའི་ཆུ་ཚད་ཐོག་སླེབས་ཡོད་ཅེས་བསྟན་ཡོད། མིག་སྔའི་མཁོ་སྤྲོད་ཀྱི་འགྱུར་ལྡོག་འགྲོ་ཚུལ་ལ་གཞིགས་ཏེ་དཔལ་འབྱོར་གྱི་ཆོས་ཉིད་ཁོང་དུ་ཆུད་པ་བྱེད་པ་དང་། ཁྲོམ་ར་ཅན་གྱི་བྱ་ཐབས་གང་མང་སྤྱད་དེ་ཕག་པའི་དུས་འཁོར་འགྱུར་ལྡོག་འགྲོ་ཚུལ་ཞི་ལྷོད་དུ་བཏང་ནས། སོན་ཕག་མཁོ་སྤྲོད་དང་རིན་གོང་བརྟན་པོ་ཡོང་རྒྱུར་འགན་ལེན་བྱེད་དགོས། དེ་ཡང་གཅིག་ནི། ནོར་སྲིད་དང་། དངུལ་རྩ། ས་ཆ་བཀོལ་སྤྱོད་སོགས་ནུས་རིང་རང་བཞིན་གྱི་རྒྱབ་སྐྱོར་སྲིད་ཇུས་བརྟན་པོ་ཡོང་བ་བྱེད་དགོས། གཞི་ཁྱོན་ཅན་གྱི་ཕག་རའི་ཕག་པ་མགོ་གྲངས་བརྟན་པོ་ཡོང་བ་བྱས་ཏེ། གསོ་ཚགས་ར་བ་དང་ཐེམ་དུད་ཆུང་འབྲིང་གི་གསོ་ཚགས་ཆུ་ཚད་མཐོ་རུ་གཏོང་དགོས། གཉིས་ནི། སོན་ཕག་ཐོན་སྐྱེད་ཀྱི་ལྡོག་འཁོར་སྙོམ་སྒྲིག་སྒྲིག་གཞི་བཙུགས་ནས། ཕག་ཕྲུག་བཙའ་ཐུབ་པའི་མོ་ཕག་གསོག་གྲངས་དེ་ཟླ་བ་གོང་མའི་དུས་མཚུངས་ལས་བརྒྱ་ཆ10ཡན་ཆག་པའམ་གསོན་ཕག་གསོ་ཚགས་ཐད་རྒྱུན་མཐུད་ཟླ་བ3མ་རྩ་བརྡིབས་པའི་གནས་ཚུལ་ཐོན་ཚེ། ས་གནས་ཁག་གིས་གཞི་ཁྱོན་ཅན་གྱི་གསོ་ཚགས་ར་བ་དང་དང་ཐེམ་དུད་ལ་ཐེངས་གཅིག་རང་བཞིན་གྱི་སྐབས་འཕྲལ་རོགས་སྐྱོར་བྱེ་དགོས། གསུམ་ནི། ཚབས་ཆེའི་རིམས་ནད་སྔོན་འགོག་ཚོད་འཛིན་གང་ལེགས་བྱས་ཏེ། ཕག་ཤའི་གསོག་འཇོག་འཕྲལ་སྒྲུབ་སྙོམས་སྒྲིག་ལ་ཤུགས་སྣོན་རྒྱག་དགོས་ཞེས་བསྟན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1