༄༅།། དབྱར་ཁའི་རྔུལ་ཆུ་བཞུར་བ་རྒྱུན་ལྡན་ཡིན་མིན་ལ་མཉམ་འཇོག་དགོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 08-02


        ཚ་གདུག་ཆེ་བའི་དབྱར་ཁར་ལུས་ནས་རྔུལ་ཆུ་བཞུར་བ་ནི་ཧ་ཅང་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན་མོད།འོན་ཀྱང་རྔུལ་ཆུ་བཞུར་སྟངས་ལ་མཉམ་འཇོག་ལེགས་པོ་བྱེད་དགོས།རྔུལ་ཆུ་བཞུར་མང་བ་ནི་རྒྱུན་ལྡན་མིན་ལ་རྔུལ་ཆུ་མི་ཐོན་པ་ནི་དེ་བས་ཀྱང་རྒྱུན་ལྡན་མིན་པས།ཀྲུང་ལུགས་སྨན་པས་དེའི་ཁྲོད་ནས་མིའི་ལུས་སྟེང་གི་གདགས་སྲིབ་སྙོམས་མིན་དང་དོན་ལྔ་སྣོད་དྲུག་གི་བྱེད་ལས་བཟང་མིན་བརྡར་ཤ་གཅོད་ཐུབ།

        གཅིག གྲང་རྔུལ་བཞུར་བ།གྲང་རྔུལ་བཞུར་བ་ཞེས་པ་ནི“གཉིད་ལོག་རྗེས་རྔུལ་ཆུ་མང་པོ་བཞུར་བ་དང་།གཉིད་ལས་སད་རྗེས་རྔུལ་ཆུ་བཞུར་མཚམས་འཇོག་པ”ཡི་རྣམ་པ་ཞིག་ལ་གོ། གྲང་རྔུལ་བཞུར་བ་ནི་གཙོ་བོ་ཁོག་ཚ་རྒྱག་པ་དང་འབྲེལ་བ་ཡོད་ལ།ཁོག་ཚ་བརྒྱབ་ན་མཚན་མོར་རྔུལ་ཆུ་མང་པོ་ཐོན་སླ་བས། གསོ་བཅོས་བྱེད་སྐབས་ཐོག་མར་ནད་རྟགས་གཞན་པ་དང་འབྲེལ་ཏེ་ཁོག་ཚ་རྒྱག་པའི་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱས་རྗེས་ད་གཟོད་ནད་ལ་བལྟས་ནས་སྨན་སྦྱོར་དགོས།

        གཉིས། འགུལ་སྐྱོད་བྱས་མ་ཐག་ཏུ་རྔུལ་ཆུ་མང་པོ་བཞུར་བ།འགུལ་སྐྱོད་བྱས་མ་ཐག་ཏུ་རྔུལ་ཆུ་མང་པོ་བཞུར་བ་ནི་ལུས་ཟུངས་ཉམས་པ་དང་ཕོ་རླུང་མི་འདང་བའི་རྟགས་རེད།དབུགས་སྣོན་པ་དང་ཟུངས་ཁྲག་གསོ་བ་ལ་བརྟེན་ནས་གསོ་བཅོས་བྱེད་དགོས་པ་དང་།ཐོག་མར་གློ་དབུགས་མི་འདང་བ་དང་ཡང་ན་མཚེར་དབུགས་མི་འདང་བ་གཉིས་ལས་གང་ཞིག་ཡིན་པ་བརྡར་ཤ་ལེགས་པོར་བཅད་རྗེས།ད་གཟོད་ནད་རྐྱེན་ལ་བལྟས་ནས་གསོ་བཅོས་ལེགས་པོ་བྱེད་དགོས།

        གསུམ། འདར་སིག་བརྒྱབ་རྗེས་རྔུལ་ཆུ་བཞུར་བ།དེ་ནི་ཚ་བའི་ནད་ཀྱི་གོ་རིམ་ཁྲོད་གདགས་སྲིབ་གཉིས་ཀ་འཐབ་རྩོད་བྱེད་ཀྱིན་པའི་རྟགས་མཚན་ཞིག་ཡིན་ལ།སྤྱིར་བཏང་རྔུལ་ཆུ་བཞུར་རྗེས་ཚ་བ་འཇགས་པ་ཡིན།

        བཞི། རྔུལ་ཆུ་སེར་པོ་བཞུར་བ། རྔུལ་ཆུ་བཞུར་རྗེས་གྱོན་པ་སེར་པོར་བསྒྱུར་པ་དེ་ནི་སྤྱིར་བཏང་བརླན་ཚད་དང་འབྲེལ་བ་ཡོད་པས།ཚ་བ་འཇོམས་པ་དང་བརླན་གསོ་བའི་ཐབས་ཀྱིས་གསོ་བཅོས་བྱེད་ཆོག

        ལྔ། ལུས་ཀྱི་ཆ་ཤས་ནས་རྔུལ་ཆུ་བཞུར་བ།དཔེར་ན་ལུས་སྟོད་དང་ལུས་སྨད། ཡང་ན་མགོ་བོ་དང་རྐང་མཐིལ་ལག་མཐིལ་སོགས་ནས་རྔུལ་ཆུ་བཞུར་བ།རྒྱུན་ལྡན་མིན་པའི་སྒོ་ནས་ལུས་ཀྱི་ཆ་ཤས་ནས་རྔུལ་ཆུ་བཞུར་བ་ནི་ལུས་པོར་ནད་བྱུང་ཡོད་པའི་རྟགས་མཚན་ཞིག་ཡིན་པས།ངེས་པར་དུ་རྔུལ་ཆུ་བཞུར་བའི་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱས་ཏེ།ནད་རྟགས་གཞན་པ་དང་འབྲེལ་ཏེ་ནད་ངོས་འཛིན་དང་གསོ་བཅོས་བྱེད་དགོས།

        དྲུག རྔུལ་ཆུ་འབོར་ཆེན་བཞུར་བ།རྔུལ་ཆུ་འབོར་ཆེན་བཞུར་ན་ལུས་པོར་གནོད་པ་གཉིས་ཡོད་དེ།གཅིག་ནས་ཕོ་རླུང་ལ་གནོད་པ་རེད།རྔུལ་ཆུ་ནི་གཤེར་ཁུ་ཡིན་ནའང་དེ་ནི་གདགས་སྲིབ་གཉིས་ལས་གྲུབ་པ་ཞིག་ཡིན་པས།རྔུལ་ཆུ་འབོར་ཆེན་བཞུར་ན་ཕོ་རླུང་ལ་གནོད་པ་ཡོད་པ་དང་།གཉིས་ནས་གཤེར་ཁུ་ཟད་འགྲོ་བ་རེད།ཁ་སྐམ་པ་དང་ཐང་ཆད་པ་ནི་དེའི་ནད་རྟགས་ཡང་མོ་ཅན་ཡིན་ལ།ལྗིད་ན་ལུས་ཆུ་ཤོར་བ་དང་ཁྲག་ཤེད་དམའ་བ།དྲན་པ་ཐོར་བ་སོགས་ཀྱི་གནས་ཚུལ་འབྱུང་བ་རེད།

        བདུན། རྔུལ་ཆུ་མི་བཞུར་བ།དེང་རབས་ཀྱི་མི་རྣམས་རྒྱུན་དུ་དྲོད་སྙོམས་འཕྲུལ་ཆས་ཡོད་པའི་ཁང་པའི་ནང་བསྡད་ཡོད་པས།དབྱར་ཁར་རྔུལ་ཆུ་བཞུར་ཚད་ཇེ་ཉུང་དུ་བཏང་ཡོད།རྔུལ་ཆུ་བཞུར་དགོས་པའི་དུས་སུ་རྔུལ་ཆུ་མ་བཞུར་ནའང་གནོད་པ་ངེས་ཅན་ཞིག་ཡོད།དབྱར་དཔྱིད་གཉིས་ནི་ཕོ་རླུང་གསོ་བའི་དུས་ཡིན་པས།ཕོ་རླུང་རྒྱུན་ལྡན་གྱི་སྒོ་ནས་འབྱུང་བ་དང་ཕྱིར་ཕུད་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་རེད།རྔུལ་ཆུ་བཞུར་བ་ནི་དེའི་ནང་གི་ཕོ་རླུང་རྒྱུན་ལྡན་སྒོས་འབྱུང་བ་དང་ཕྱིར་ཕུད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས།གལ་ཏེ་རྔུལ་ཆུ་གཏན་ནས་མ་བཞུར་ན་ལུས་སྟེང་གི་གདགས་སྲིབ་སྙོམས་པོ་མི་ཡོང་བར་མ་ཟད།རྙིང་ཚབ་གསར་བརྗེ་བྱེད་པར་གནོད་པ་ཐེབས་སྲིད་པ་དང་།དེ་ལྟར་ཡུན་རིང་ན་ནད་རིགས་སྣ་ཚོགས་འབྱུང་བ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1