པཎ་ཆེན་རིན་པོ་ཆེ་བཀྲ་ཤིས་ལྷུན་པོར་ཆིབས་བསྒྱུར་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 08-16



          སྤྱི་ཚེས་8ཉིན་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་གཞོན། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ་མཆོག་མེ་འཁོར་ལ་བཞུགས་ནས་ལྷ་ས་ནས་གདན་ས་བཀྲ་ཤིས་ལྷུན་པོར་ཆིབས་བསྒྱུར་གནང་ཡོད་པ་རེད།
          ཉིན་དེའི་སྔ་དྲོ་པཎ་ཆེན་རིན་པོ་ཆེ་དང་བཅས་པ་བཀྲ་ཤིས་ལྷུན་པོར་ཕེབས་འབྱོར་ཟིན། དགེ་འདུན་པ་རྣམས་ནས་བོད་བརྒྱུད་ནང་བསྟན་གྱི་ཆོ་ག་ཕྱག་སྲོལ་ལྟར་པཎ་ཆེན་རིན་པོ་ཆེར་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། རིན་རྒྱན་སྤོས་འཛིན་པའི་སྤྱན་འདྲེན་འོག པཎ་ཆེན་རིན་པོ་ཆེ་དགོན་པའི་ཐང་ཆེན་བརྒྱུད་ནས་ཚོགས་ཆེན་འདུ་ཁང་དུ་ཕེབས།
          ཚོགས་ཆེན་འདུ་ཁང་ནང་པཎ་ཆེན་རིན་པོ་ཆེས་ཇོ་བོ་ཤཱཀྱ་མུ་ནེ་དང་རྗེ་ཙོང་ཁ་པའི་སྐུ་བརྙན་ལ་མཇལ་ཞུ་གནང་བ་མ་ཟད། དགེ་འདུན་པ་རྣམས་དང་མཉམ་དུ་ཞལ་འདོན་གནང་བ་དང་། དེའི་རྗེས་གཟིམ་ཤག་བླ་བྲང་དུ་ཕེབས་ཡོད།
          ཉིན་དེའི་ཕྱི་དྲོ་བཀྲ་ཤིས་ལྷུན་པོ་དགོན་གྱི་བླ་བྲང་ཉི་འོད་འཁྱིལ་དུ་པཎ་ཆེན་རིན་པོ་ཆེ་ཆོས་ཁྲིར་འཁོད་ནས་བཀྲ་ཤིས་ལྷུན་པོ་དགོན་དོ་དམ་ཨུ་ལྷན་གྱི་དགེ་འདུན་པའི་ཁོངས་མི་དང་བླ་སྤྲུལ་རྣམ་པར་མཇལ་ཁ་དང་ཕྱག་དབང་གནང་བ་མ་ཟད། ཁོང་རྣམས་དང་ལྷན་དུ་ཞལ་འདོན་བསྔོ་སྨོན་གནང་ཡོད་པ་རེད། 
          སྤྱི་ཚེས་9ཉིན་པཎ་ཆེན་རིན་པོ་ཆེ་དང་བཅས་པ་བཀྲ་ཤིས་ལྷུན་པོ་དགོན་གྱི་བླ་བྲང་ནས་རིན་རྒྱན་སྤོས་འཛིན་པའི་སྤྱན་འདྲེན་འོག་སྔ་རྗེས་སུ་བཀྲ་ཤིས་ལྷུན་པོ་དགོན་གྱི་གསེར་སྡོང་སྲིད་གསུམ་རྣམ་རྒྱལ་ལྷ་ཁང་སོགས་ལྷ་ཁང་26ལ་ཕེབས་པ་དང་། ལྷ་ཁང་རེ་རེའི་ནང་ཕེབས་རོགས་བླ་སྤྲུལ་རྣམ་པ་དང་ལྷན་དུ་ཞལ་འདོན་གནང་ནས་ཆར་ཆུ་དུས་སུ་འབབ་པ་དང་། ལོ་ཕྱུགས་རྟག་ཏུ་ལེགས་པ། རྒྱལ་ཁབ་དར་ཞིང་དམངས་རྣམས་བདེ་ལ་འཁོད་པའི་བསྔོ་བ་སྨོན་ལམ་གནང་ཡོད།
          བཀྲ་ཤིས་ལྷུན་པོ་དགོན་ནི་བོད་ལྗོངས་གཞིས་ཀ་རྩེའི་ཉི་ཟེར་རིའི་འདབས་སུ་ཆགས་ཤིང་། པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་ཡིན་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1