ཨ་ཧྥུའུ་ཧན་སྲིད་གཞུང་དང་ཐཱ་ལེ་པན་གྱིས་ཞི་བའི་སྒོ་ནས་དབང་ཆ་བརྒྱུད་སྤྲོད་བྱེད་པར་གྲོས་བསྡུར་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 08-17




འདི་ནི་ཟླ8པའི་ཚེས15ཉིན་བླངས་པའི་ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁཱ་པོར་སྲང་ལམ་གྱི་སྒོ་བརྒྱབ་པའི་ཚོང་ཁང་གི་རྣམ་པ་རེད། 

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་གྱི་ནང་སྲིད་བློན་ཆེན་ཚབ་མ་མུས་ཨར་ཀྲ་མཁའ་ལེ་ཡིས་ཚེས་བཅོ་ལྔ་ཉིན་གསར་འགྱུར་ལས་རིགས་ལ་བསྟན་དོན། ད་ལྟའི་སྲིད་གཞུང་གིས་དབང་ཆ་བར་བརྒལ་སྲིད་གཞུང་ལ་བརྒྱུད་སྤྲོད་བྱེད་རྒྱུ་ཡིན་ཟེར། ཐཱ་ལེ་པེན་གྱི་མགྲིན་ཚབ་པ་མུའུ་ཅཱ་ཞེ་ཏི་ཡིས་ཉིན་དེར་བསྟན་དོན། ཁོ་ཚོས་རྒྱལ་ས་ཁཱ་པོར་ནས་ཨ་ཧྥུའུ་ཧན་སྲིད་གཞུང་བར་ཞི་བའི་སྒོ་ནས་དབང་ཆ་བརྒྱུད་སྤྲོད་བྱེད་པར་གྲོས་བསྡུར་བྱེད་བཞིན་ཡོད་ཟེར། 
        མུས་ཨར་ཀྲ་མཁའ་ལེ་ཡིས་བསྟན་དོན། ཐཱ་ལེ་པན་གྱིས་ཁཱ་པོར་ལ་དཔུང་འཇུག་བྱེད་མི་སྲིད་པ་དང་། དབང་ཆའི་བརྒྱུད་སྤྲོད་དེ་ཞི་བའི་ཐབས་ཀྱིས་སྤེལ་རྒྱུ་ཡིན་ཟེར། ཁོས་ད་རུང་བཤད་རྒྱུར། སྲིད་གཞུང་དམག་དཔུང་གིས་ཁཱ་པོར་གྲོང་ཁྱེར་གྱི་བདེ་འཇགས་ལ་འགན་སྲུང་བྱེད་ངེས་ཡིན་ཟེར། 
        ཉིན་དེའི་སྔ་དྲོར། ཁཱ་པོར་གྱི་ས་ཁུལ་སྐོར་ཞིག་ཏུ་མེ་མདའི་སྒྲ་རེ་གཉིས་ཐོས་ཐུབ། ཨ་ཧྥུའུ་ཧན་ས་གནས་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཐཱ་ལེ་པན་གྱི་དྲག་ཆས་སྟོབས་ཤུགས་ཀྱིས་ཁཱ་པོར་ཡོངས་སུ་བསྐོར་ཡོད་པ་དང་། མིག་སྔར་གྲོང་ཁྱེར་ཉེ་འདབས་སུ་བཀའ་སྒུག་ནས་ཡོད་ཟེར། ཨ་ཧྥུའུ་ཧན་གྱི་ཙུང་ཐུང་བཞུགས་ཤག་གིས་བཤད་རྒྱུར། ཁཱ་པོར་དུ་དཔུང་འཇུག་བྱེད་མཁན་མེད་པ་དང་། བདེ་འཇགས་དམག་དཔུང་དང་རྒྱལ་སྤྱིའི་མནའ་འབྲེལ་གྲོགས་པོས་ཁཱ་པོར་ལ་སྲུང་སྐྱོབ་བྱེད་ངེས་ཡིན་ཟེར། 
        ཐཱ་ལེ་པན་གྱི་མགྲིན་ཚབ་པ་མུའུ་ཅཱ་ཞེ་ཏི་ཡིས་ཚེས་བཅོ་ལྔ་ཉིན་བསྟན་དོན། ཐཱ་ལེ་པན་གྱིས་རྩ་འཛུགས་དེའི་དྲག་ཆས་མི་སྣས་ཁཱ་པོར་དུ་དཔུང་འཇུག་བྱས་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་ལ། རྩ་འཛུགས་དེས་ཁཱ་པོར་དུ་ཨ་ཧྥུའུ་ཧན་གྱི་སྲིད་གཞུང་བར་ཞི་བའི་སྒོ་ནས་དབང་ཆ་བརྒྱུད་སྤྲོད་བྱེད་པར་གྲོས་བསྡུར་བྱེད་བཞིན་ཡོད་ཟེར། ཁོས་ད་རུང་བཤད་རྒྱུར། ཐཱ་ལེ་པན་གྱིས་ཉིན་དེར་ཅཱ་ལཱ་ལཱ་པཱ་ཏི་དང་པཱ་མུས་དབྱང་། ཧའོ་སི་ཐི་སོགས་ཞིང་ཆེན་འགའི་ལྟེ་གནས་གྲོང་ཁྱེར་བཙན་བཟུང་བྱས་ཡོད་ཟེར། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1