ལོ་ངོ་སྟོང་གི་གནའ་བོའི་གྲོང་ཚོར་གསོན་ཤུགས་གསར་པ་རྒྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཤིན་ཧྭ་གསར་འགྱུར་ཁང་། སྤེལ་དུས། 08-18



བོད་ལྗོངས་ལྷོ་ཁ་སྣེ་གདོང་ཆུས་སྨོན་གྲོང་སྒང་སྡེ་ཁུལ་དུ་བཅར་འདྲིར་བསྐྱོད་པ།


ཡུམ་བུ་བརླ་མཁར་དང་སྨོན་གྲོང་སྒང་ལ་རྒྱང་ལྟ་བྱེད་པ། (ཟླ་6ཚེས་24ཉིན་པར་བརྒྱབ)
           ཡུམ་བུ་བརླ་མཁར་ནི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྨོན་གྲོང་སྒང་སྡེ་ཁུལ་དུ་ཆགས་ཤིང་། ད་བར་ལོ་ངོ་2000ལྷག་ཙམ་གྱི་ལོ་རྒྱུས་ལྡན་པ་དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་གི་མཁར་ལ་སྔ་བ་དེ་རེད། ད་ཆ་མཁར་གྱི་གཤམ་དུ་གནས་པའི་སྨོན་གྲོང་སྒང་སྡེ་ཁུལ་གྱིས་ཡུལ་སྐོར་ལས་རིགས་གོང་འཕེལ་ཤུགས་ཆེན་བཏང་ནས་གསོན་ཤུགས་དང་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད།
           དེ་སྔའི་བོད་རིགས་མེས་པོ་རྣམས་ཀྱིས་ས་གཞི་འདིར་ཞིང་རྨོ་ཡུར་རྒྱག་གིས་མཁར་གྱི་ཤོད་དུ་བོད་ཀྱི་ལོ་རྒྱུས་ཐོག་ཞིང་ལ་སྔ་བ་ཟོ་དང་ཞིང་རྨོས་ཡོད། ལས་ལ་བརྩོན་པའི་བོད་རིགས་མི་དམངས་ཀྱིས་ལོ་ནས་ལོ་བར་འདི་གར་ནས་བཏབ་ནས་སྟོན་ཁ་ལོ་ལེགས་ཡོང་བར་བྱེད་ཀྱི་ཡོད།
           གྲོང་མི་ཚོས་ནས་འདེབས་པ་དང་བཙས་མ་རྔ་བར་སྟབས་བདེ་སྐྲུན་ཆེད། ལོ་16གི་གོང་དུ་སྨོན་གྲོང་སྒང་གྲོང་ཚོས་སོན་འདེབས་འཕྲུལ་འཁོར་2དང་། ཐོང་གཤོལ་2 བཙས་འཁོར་4བཅས་གཅིག་རྗེས་གཉིས་མཐུད་དུ་ཉོས་པ་རེད།
           མཛེས་སྡུག་ལྡན་པའི་འཚོ་བ་དོན་གཉེར་ཆེད། སྨོན་གྲོང་སྒང་གི་གྲོང་མི་ཚོས་ཕྱུག་འགྱུར་ཐབས་ལམ་དེ་བས་མང་བ་འཚོལ་ཞིབ་བྱས་ཤིང་། ཡུམ་བུ་བརླ་མཁར་གྱི་རིག་གནས་ནང་དོན་ཟབ་པ་དང་ལོ་རྒྱུས་ཡུན་རིང་ལྡན་པར་བརྟེན་སྨོན་གྲོང་སྒང་གྲོང་ཚོར་ཡུལ་སྐོར་ཕྱུག་འགྱུར་གྱི་ཐབས་ལམ་ཞིག་རྙེད་ཡོད།
           2004ལོ་ནས་བཟུང་། སྨོན་གྲོང་སྒང་གྲོང་ཚོས་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་འོག་ཡུལ་སྐོར་ཐོན་ལས་གོང་འཕེལ་བཏང་ཞིང་། ཡུན་རིང་མ་སོང་བར་གྲོང་ལྷན་སྲང་ལམ་དུ་བཙོག་ཟིང་ཞན་གསུམ་མཐོང་རྒྱུ་མེད་པ་དང་ཐལ་རྡུལ་ལང་བའི་ལམ་ཡང་ལོ་རྒྱུས་སུ་གྱུར་ནས་རྒྱ་ཆེ་བའི་རླངས་འཁོར་འཇོག་ས་དང་། ཁམ་གཙང་བའི་ཨར་འདམ་ལམ། སྔ་ཉམས་དོད་པའི་བོད་བཟོའི་སྡོད་ཁང་བཅས་ཀྱི་རྣམ་པ་གསར་པར་གྱུར།
           བོད་ཀྱི“མཁར་ལ་སྔ་བ”དང“ཞིང་ལ་སྔ་བའི”མཚན་སྙན་གྲགས་ལ་བརྟེན་ནས་ད་ཆའི་སྨོན་གྲོང་སྒང་སྡེ་ཁུལ་དུ་ལོ་ལྟར་ཡུལ་སྐོར་བ་མི་ཐེངས་ཁྲི་8ལྷག་ཙམ་ཡུལ་སྐོར་དུ་ཡོང་གི་ཡོད།

བོད་ཀྱི་ལོ་རྒྱུས་ཐོག་གི་ཞིང་ལ་སྔ་བ་ཟོ་དང་ཞིང་ནས་བོད་ཀྱི་མཁར་ལ་སྔ་བ་ཡུམ་བུ་བརླ་མཁར་ལ་ལྟ་བ། (ཟླ་6ཚེས་24ཉིན་པར་བརྒྱབ)
           ཞོགས་པ་སྔ་པོར། ཡུལ་སྐོར་བ་སྡག་སྡག་བླུགས་པའི་འགྲུལ་འཁོར་ཆེན་པོ་ཞིག་ཡུམ་བུ་བརླ་མཁར་མཛེས་ལྗོངས་ཁུལ་གྱི་རླངས་འཁོར་འཇོག་སར་དལ་བུར་འཛུལ། ཡུལ་སྐོར་བ་རྣམས་རླངས་འཁོར་ལས་བབས་མ་ཐག་ཁ་པར་རམ་པར་ཆས་བཏོན་ནས་པར་བརྒྱབ་སྟེ་དགའ་སྤྲོའི་རྣམ་པ་སྨྲ་བརྗོད་ལས་མཚོན་ཐབས་བྲལ། ཡུལ་སྐོར་བ་ལི་ཡུན་ཕེང་གིས“ད་ཐེངས་ང་གྲོགས་པོ་དང་མཉམ་དུ་ཡོང་བ་ཡིན། མ་གཞི་དེ་སྔ་སླེབས་མྱོང་ཡོད་ཀྱང་ས་ཆ་འདི་ནི་བོད་ཀྱི་ལོ་རྒྱུས་ཐོག་ཧ་ཅང་གལ་ཆེན་པོ་ཞིག་རེད་སྙམ་གྱི་འདུག་པས་གྲོགས་པོ་ཚོ་ཁྲིད་ནས་ཡོང་བ་ཡིན”ཞེས་བཤད།
           ཡུམ་བུ་བརླ་མཁར་ནི་ལ་སྟེང་དུ་འགྱིང་ངེར་ཆགས་ཡོད་པས་ལ་གཤམ་ནས་རྐང་ཐང་མར་སྐར་མ་བཅུ་གྲངས་འཛེག་དགོས་ཀྱི་ཡོད། གལ་ཏེ་ཡུལ་སྐོར་བ་དཀའ་ལས་བྱུང་ཚེ་རྟར་བཞོན་ནས་རྟ་ཕོའི་ལིང་ཤང་གི་སྒྲ་དང་སྦྲགས་ནས་སྐུ་མཁར་གྱི་འགྱིང་ཉམས་ལ་བལྟས་པས་ཆོག
           ལི་ཡུན་ཕེང་གིས་བྱང་ཆུབ་པོས་གྲོགས་པོ་ཚོ་རྟར་སྐྱོན་རོགས་བྱས་པ་དང་། རྟ་པའི་བཀོད་པ་དང་སྦྲགས་རྟ་ཕོས་ཐེངས་སྟོང་ཕྲག་མང་པོ་སྐྱོད་མྱོང་བའི་ལམ་ཆུང་དུ་དལ་བུར་བསྐྱོད།
           2016ལོར། ལྷོ་ཁ་ས་གནས་ནས་གྲོང་ཁྱེར་ལ་བསྒྱུར་བ་དང་སྦྲགས་སྨོན་གྲོང་སྒང་གྲོང་ཚོའང་སྨོན་གྲོང་སྒང་སྡེ་ཁུལ་དུ་བསྒྱུར་ནས་ཡུལ་སྐོར་ཐོན་ལས་གོང་འཕེལ་མྱུར་པོ་ཕྱིན་པ་དང་གྲོང་མི་ཚོའི་འཚོ་བའང་ལེགས་སུ་ཕྱིན་ཡོད།
           “ད་ཆ་ཡུམ་བུ་བརླ་མཁར་ནི་Aགསུམ་རིམ་པའི་མཛེས་ལྗོངས་ཁུལ་ཡིན་པ་དང་། འདི་ལོ་ང་ཚོས་Aབཞི་རིམ་པའི་མཛེས་ལྗོངས་ཁུལ་ལ་རེ་འདུན་ཞུས་པ་ཡིན། དེའི་ཆེད་ང་ཚོས་ས་འོག་མདོང་ལམ་བསྐྱར་དུ་བཏིངས་ནས་གྲོང་ཚོ་སྔར་བས་གཙང་སྦྲ་དོད་དུ་བཏང་བ་ཡིན”ཞེས་སྨོན་གྲོང་སྒང་སྡེ་ཁུལ་གྲོང་མི་ཨུ་ལྷན་གྱི་ཀྲུའུ་རེན་ཉི་མས་བཤད།
           ལོ་ངོ་སྟོང་གི་མཆོང་སྐྱོད་ལས་ཡུམ་བུ་བརླ་མཁར་གྱིས་བོད་ཀྱི་མེས་པོ་ཚོས་སྐྱས་སྤོས་འཚོ་བ་སྐྱེལ་བ་ནས་སོ་ནམ་ཐོན་སྐྱེད་བྱེད་པའི་བར་དང་དེ་རྗེས་ད་ཆའི་དེང་རབས་ཅན་གྱི་འཕེལ་རྒྱས་ལམ་བུར་སྐྱོད་པའི་བར་གྱི་འགྱུར་ལྡོག་ལ་དཔང་པོ་བྱེད་ཐུབ།

བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྨོན་གྲོང་སྒང་སྡེ་ཁུལ་དུ་ཨར་པོ་རྒྱག་བཞིན་པའི་ཁྱིམ་ཚང་མགྲོན་ཁང་། (ཟླ་6ཚེས་24ཉིན་པར་བརྒྱབ)
           ད་ཆའི་སྨོན་གྲོང་སྒང་སྡེ་ཁུལ་གྱི་དུད་ཚང་ཚང་མ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་ཞུགས་ཆོག་པ་མ་ཟད། གྲོང་མི་ཚོར་ཡང་ཡུལ་སྐོར་ལས་རིགས་ལས་དེ་མཚུངས་ཀྱི་ཁེ་འབབ་རག་ཡོད། མིག་སྔའི་བར། སྡེ་ཁུལ་གྱི་མང་ཚོགས་ཚོར་ཡུལ་སྐོར་ལས་རིགས་ལ་བརྟེན་ནས་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་18000ལྷག་ཙམ་ཟིན་གྱི་ཡོད། སྨོན་གྲོང་སྒང་སྡེ་ཁུལ་ཉེ་རྒྱང་གང་སར་སྐད་གྲགས་ཆོད་པའི་འབྱོར་ལྡན་སྡེ་ཁུལ་དུ་གྱུར་པས་ཉེ་འཁོར་གྲོང་ཚོའི་མི་ཁག་གཅིག་གིས་འདི་གར་ཁྱིམ་ཐབ་འཛིན་པར་ཡོང་གི་ཡོད།
           ལོ་43ལ་སླེབས་པའི་མཚོ་སྐྱིད་ནི་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ནས་ཡིན་པ་དང་། 2013ལོར་སྨོན་གྲོང་སྒང་ལ་མནའ་མར་ཡོང་། རྣམ་ཀུན་ཁོ་མོས་རླངས་འཁོར་འཇོག་སའི་འགྲམ་གྱི་བཟོ་རྩལ་ཐོན་རྫས་འཚོང་སར་བོད་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལག་ཤེས་ཐོན་རྫས་ཕྲན་བུ་འཚོང་གི་ཡོད། ཁོ་མོས“ཚོང་ཡག་པའི་སྐབས་སུ་ཉིན་གཅིག་ལ་སྒོར་600དང་སྤྱིར་བཏང་སྐབས་སུའང་སྒོར་100ལྷག་ཙམ་ཡོང་གི་འདུག ད་ཆ་ང་ཚོའི་སྡེ་ཁུལ་དུ་ཁང་པ་བརྒྱབ་ནས་ཁྱིམ་ཚང་མགྲོན་ཁང་གཉེར་མཁན་ཡོད་པས་ངའི་བཟའ་ཟླ་ཁང་པ་རྒྱག་རོགས་ལ་ཕྱིན་སོང་། ཞིང་བྲེལ་སྐབས་སུ་ང་ཚོ་ཞིང་ཁ་འདེབས་དགོས། ད་ཆ་སྡེ་ཁུལ་ལ་སོན་འདེབས་འཕྲུལ་འཁོར་དང་བཙས་འཁོར་ཡོད་པས་སྔར་ལས་སྟབས་བདེ་པོ་འདུག ཕྱིས་སུ་ཕྱི་ཕྱོགས་ལ་འགྲོ་བདེའི་ཆེད་འཇིབ་ཆུང་ཞིག་ཉོ་རྩིས་ཡོད”ཅེས་བཤད།
           སྨོན་གྲོང་སྒང་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་དབྱངས་ཅན་སྒྲོལ་དཀར་གྱིས“མཚོ་སྐྱིད་དང་འདྲ་བར་ས་ཆ་གཞན་ནས་སྨོན་གྲོང་སྒང་དུ་ཁྱིམ་ཐབ་བཟུང་བའི་མི་གཅིག་གཉིས་མ་རེད། ཁོ་ཚོའང་སྡེ་ཁུལ་རང་གི་གྲོང་མི་དང་འདྲ་བར་ཚང་མ་ཡུལ་སྐོར་ལས་རིགས་ལ་ཞུགས་ཆོག་གི་ཡོད”ཅེས་བཤད།
           སྨོན་གྲོང་སྒང་ལ་ད་ཆ་དུད་ཚང་155ཡོད་ཅིང་། མཉམ་སྡེབ་དཔལ་འབྱོར་ལ་ཡུལ་སྐོར་ལས་རིགས་ཕུད། ད་དུང་2020ལོའི་ཟླ་11པར་བཙུགས་པའི་ཡུམ་བུའི་མགར་ཆུའི་དུད་སྦྲེལ་ཆུ་སྐྱེལ་ཀུང་སིའང་ཡོད། མིག་སྔའི་བར། ཀུང་སི་དེས་ཆུ་འགྱིག་དམ་15000ལྷག་ཙམ་བཙོངས་ནས་འབབ་འཕར་སྒོར་ཁྲི་13ཙམ་བྱུང་ཡོད།
           ལོ་ངོ་སྟོང་གི་གནའ་བོའི་གྲོང་ཚོ་སྨོན་གྲོང་སྒང་ནས་མཛེས་སྡུག་རྣམ་པར་བཀྲ་བའི་གྲོང་གསེབ་ཀྱི་རྣམ་པ་མངོན་པ་དང་མི་རྣམས་ཀྱིས་ངལ་རྩོལ་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་བཞིན་ཡོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1