བོད་ལྗོངས་ལུས་རྩལ་འཐུས་མི་ཚོགས་པ་འདི་བཙུགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-27


      སྐབས་བཅུ་བཞི་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཟླ་དགུ་པའི་ཟླ་དཀྱིལ་དུ་ཧྲན་ཞི་ཞིང་ཆེན་དུ་འཚོག་རྒྱུ་ཡིན་ཞིང་། ཚོགས་པ་སྒྲིག་འཛུགས་བྱས་ནས་འགྲན་བསྡུར་ནང་ཞུགས་པའི་སྐུལ་སློང་གི་གྲ་སྒྲིག་ལས་དོན་ཁག་སྔར་བས་ཡག་པོ་སྒྲུབ་ཆེད། ཚེས་24ཉིན། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་བོད་ལྗོངས་ལུས་རྩལ་འཐུས་མི་ཚོགས་པ་འཛུགས་པ་དང་སྐུལ་སློང་ཚོགས་ཆེན་ལྷ་སར་འཚོགས་པ་རེད། 


     ཚོགས་འདུའི་ཐོག་བསྟན་དོན། སྐབས་བཅུ་བཞི་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ནང་ཚོགས་པ་སྒྲིག་འཛུགས་བྱས་ནས་ཞུགས་པ་དེ་ནི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70སོང་རིང་། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམས་སྟོན་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་དང་། གངས་ལྗོངས་ས་མཐོའི་བུ་ཕྲུག་འབད་འབུངས་ཡར་བརྩོན་གྱི་རྒྱང་སྐྱོད་ལམ་བུ་གསར་པ་ཕྱོགས་ཡོངས་ནས་མངོན་པར་བྱེད་པའི་ལས་སྟེགས་གལ་ཆེན་ཞིག་ཡིན་པས། ལྗོངས་ཡོངས་ཀྱི་ལུས་རྩལ་པ་ཚོས་ཡིད་ཆེས་བརྟན་པོ་བྱེད་པ་དང་གྲུབ་འབྲས་བཟང་པོ་ལེན་པར་བརྩོན་པར་དོན་སྙིང་གལ་ཆེན་ལྡན་ཡོད། 

     ད་ཐེངས་རང་ལྗོངས་སུ་ལུས་རྩལ་པ་201སྐབས་བཅུ་བཞི་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་རྟིང་རྩོད་དུས་རིམ་གྱི་འགྲན་བསྡུར་ནང་ཚུད་ཡོད། སྨི་3000ཅན་གྱི་གེགས་སྒྲོལ་རྒྱུག་འགྲན། སྨི་5000དང་སྨི་10000ཅན་གྱི་འདུར་རྒྱུག་འགྲན་བསྡུར། མདུང་འཕེན། མཐོ་མཆོང་། མཱ་ལ་སུང་། འཇུ་རེས་དང་། མདའ་འཕེན། ཁུ་ཚུར་འགྲན་སྡུར། བྲག་འཛེག་དང་། རྩལ་འགྲན་རྟ་རྩལ། ཕིང་ཕང་སྤོ་ལོ། ཐེ་ཆོན་སྦེ་ག  བུད་མེད་སྦེ་ག་དང་། གྲི་རྩེད་སོགས། རྩལ་འགྲན་ལུས་རྩལ་རྣམ་གྲངས་ཀྱི་འགྲན་བསྡུར། ཕིང་ཕང་སྤོ་ལོ། བྱ་སྒྲོ་སྤོ་ལོ། ཝང་ཆིའུ་སྤོ་ལོ།ཕའེ་ཆིའུ་སྤོ་ལོ། ཝེ་ཆི་མིག་མངས་དང་མིག་མངས། རྒྱལ་སྤྱིའི་མིག་མངས་དང་ཏག་སེ་སོགས་མང་ཚོགས་ཀྱི་ལུས་རྩལ་རྣམ་གྲངས། ཐང་ཆེན་ཞབས་བྲོ་དང་རྒྱང་བསྒྲགས་ལུས་སྦྱོང་། ཐའེ་ཅི་ཆོན། སོགས་མང་ཚོགས་ཀྱི་འགྲེམས་འཁྲབ་རིགས་ཀྱི་རྣམ་གྲངས་ཀྱི་འགྲན་བསྡུར་ལ་ཞུགས་རྒྱུ་རེད།


     བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་རྩལ་འགྲན་ལུས་རྩལ་ཁྲུའུ་ཡི་ཁྲུའུ་ཀྲང་ཁྲེན་ཧུང་ཧྭ་ཡིས་ངོ་སྤྲོད་བྱས་དོན།“བོད་ལྗོངས་ལུས་རྩལ་འཐུས་མི་ཚོགས་པའི་ལུས་རྩལ་པས་འགྲན་བསྡུར་ལ་ཧུར་ཐག་བྱས་ནས་ཚང་མས་ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་བཀག་སྡོམ་ཕྱེད་ཙམ་གྱི་གཅིག་སྡུད་སྦྱོང་བརྡར་བྱས་ཏེ་གྲ་སྒྲིག་གང་ལེགས་སྒོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་དམིགས་འབེན་བདེ་བླག་ངང་ལེགས་འགྲུབ་ཡོང་བར་རེ་སྒུག་བྱེད་ཀྱི་ཡོད། གཞན་ཡང་ད་ཐེངས་ཀྱི་བོད་ལྗོངས་ལུས་རྩལ་འཐུས་མི་ཚོགས་པ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ནང་ཞུགས་པའི་རྣམ་གྲངས་དང་མི་སྣ་མང་དུ་ཕྱིན་པ་དང་། སྐབས་གོང་མའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ནང་གསེར་གྱི་རྟགས་མ་ཐོབ་མཁན་སྟོབས་རྒྱལ་ཡང་འགྲན་བསྡུར་ནང་ཞུགས་རྒྱུ་རེད། 




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1