༄༅།། བཙན་པོའི་དུས་ཀྱི་རྡོ་རིང་ཡི་གེ་ལས་འཕྲོས་ཏེ་རྒྱ་བོད་ལོ་ཙཱའི་སྐད་སོར་འཇོག་བྱེད་ཚུལ་གྱི་ཁྱད་ཆོས་སྐོར་རགས་ཙམ་གླེང་བ་།

ཟླ་བ་སྒྲོན་མ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 08-31



ཟླ་བ་སྒྲོན་མ། བོད་རང་སྐྱོང་ལྗོངས་དྲ་འཕྲིན་གཞུང་ལས་ཁང་།
གླེང་གཞི།


        སྤྱིར་རང་རེའི་ལྗོངས་འདིར་དུས་རབས་བདུན་པའི་ནང་རང་རིགས་ཀྱི་སྐད་དང་མཐུན་པའི་ཡི་གེ་ཞིག་བྱུང་བ་ནས་བཟུང་། ལྔ་རིག་རིག་གནས་ཀྱི་མྱུ་གུ་འབུས་འགོ་བརྩམས་པ་དང་། རིམ་བཞིན་མཐའ་འཁོར་གྱི་མི་རིགས་གཞན་དང་གང་ཅིའི་ཐད་འབྲེལ་འདྲིས་མང་དག་བྱུང་རྐྱེན། ལོ་རབས་མང་པོའི་ནང་དཔལ་འབྱོར་དང་། རིག་གནས། སྤྱི་ཚོགས་སོགས་ལས་དགོས་ངེས་ཀྱི་མིང་བརྡ་མང་པོ་ཞིག་ལོ་ཙཱའི་ཐབས་ལམ་ལ་བརྟེན་ནས་ནང་དུ་དྲངས་ཏེ། མི་རིགས་རང་གི་སྐད་ཡིག་འཐུས་ཚང་དུ་གཏོང་བར་ཕན་སྦྱོར་ཆེན་པོ་བསྐྲུན་ཡོད། ལྷག་པར་དུ་རྒྱ་གར་དང་། རྒྱ་ནག སོག་པོ་སོགས་དང་འབྲེལ་འདྲིས་ཆེས་ཆེ་བར་བྱུང་ཡོད་དེ། བཙན་པོའི་དུས་ཀྱི་ཡིག་རྙིང་དག་ལས་ར་སྤྲོད་ཐུབ་ཅིང་། དེའི་ཁྲོད་དུ་སོར་བཞག་གི་མིང་བརྡ་དག་ལས་མི་རིགས་དབར་གྱི་རིག་གནས་སྤེལ་རེས་ཀྱི་གནས་ཚུལ་རྣམས་གསལ་བོར་རྟོགས་ཐུབ། རྒྱ་ནག་ནི་བཙན་པོའི་དུས་ནས་བོད་དང་དབོན་ཞང་གི་མཛའ་གཅུགས་འབྲེལ་བས་དམ་དུ་བཅིངས་ཡོད་ཅིང་། འབྲེལ་འདྲིས་ཀྱང་ཤུགས་ཆེན་བྱུང་ཡོད་སྟབས། སོར་བཞག་གི་མིང་བརྡ་དེ་དག་ལའང་སྐབས་དེའི་དམིགས་གསལ་གྱི་སྐད་ཆའི་འགྲོ་ལུགས་ཡོད་ལ། སྒྱུར་ཐབས་ཀྱི་ཐད་ལའང་ཁྱད་ཆོས་ལྡན་ཡོད།

གཅིག ཐ་སྙད་ཁག་གཅིག་གི་སྐད་སོར་འཇོག་བྱེད་ཚུལ་སྐོར།

(1)མིའི་མིང་སྐད་སོར་འཇོག་ཇི་ལྟར་བྱེད་ཚུལ་སྐོར།
        བཙན་པོའི་དུས་སྐབས་སུ་བོད་ལྗོངས་ས་ཡི་ཁྱོན་དུ་རྡོ་རིང་ཅི་ཙམ་ཡོད་མེད་ང་ཚོས་ཤེས་པར་དཀའ་ཡང་། ད་ཆ་མཐོང་ལམ་དུ་ཡོད་པའི་རྡོ་རིང་མང་ཆེ་བ་ནི་བཙན་པོ་ཁྲི་སྲོང་ལྡེའུ་བཙན་དང་ཁྲི་ལྡེ་སྲོང་བཙན། མངའ་བདག་ཁྲི་རལ་པ་ཅན་སོགས་ཀྱི་སྐུ་དུས་སུ་བཞེངས་འདུག དེ་དག་ཁྲོད་དུ་རྒྱ་ནག་དང་འབྲེལ་བའི་རྡོ་རིང་ཉུང་ཤས་སུ་མཆིས་ཏེ། བཙན་པོ་ཁྲི་སྲོང་ལྡེའུ་བཙན་སྐབས་ཀྱི་འཕྱོངས་རྒྱས་སྟག་རྩེའི་རྡོ་རིང་དང་། ལྷ་སའི་གཙག་ལག་ཁང་མདུན་གྱི་རྡོ་རིང་། ཞོལ་རྡོ་རིང་ཕྱི་མའི་ཡི་གེ་སོགས་སུ་ཐོར་བུ་གསལ། འོན་ཏེ་རྡོ་རིང་དེ་དག་ཁྲོད་ཀྱི་རྒྱ་བོད་ལོ་ཙཱའི་མིའི་མིང་གི་སྐད་སོར་འཇོག་བྱེད་ཚུལ་ལ་དམིགས་གསལ་གྱི་ཁྱད་ཆོས་ལྡན་འདུག་པར་མཐོང་སྟེ། དང་ཐོག་མིའི་མིང་གི་སྐད་སོར་འཇོག་བྱེད་ཚུལ་ལ་དཔེར་ན། ཞོལ་རྡོ་རིང་ཕྱི་མའི(763)ལྷོ་ངོས་ཡིག་ཕྲེང་དུ། རྒྱའི་ཁམས་སུ་གཏོགས་པའྀ་ཡུལ་དང་མཁར་མང་པོ་བཅོམ་སྟེ་བསྡུས་ནས། རྒྱ་རྗེ་ཧེའུ་འགྀ་ཝང་ཏེ(孝感皇帝)རྗེ་བློན་སྐྲག་སྟེ། ལོ་ཅྀག་ཅྀང་རྟག་ཏུ་དཔྱ་དར་ཡུག་ལྔ་ཁྲི་ཕུལ་ཏེ། རྒྱ་དཔྱའ་འཇལ་དུ་བཅུག་གོ། །དེའི་འོག་ཏུ། རྒྱ་རྗེ་ཡབ་ཧེའུ་འགྀ་ཝང་དེ་གྲོངས་སྟེ། རྒྱ་རྗེ་སྲས་ཝང་པེང་ཝང(广平王)རྒྱལ་པོར་ཞུགས་ནས། ཞེས་དང་། རྒྱ་རྗེ་ཀྭང་པེང་ཝང(广平王)ཀེང་ཤྀའི་མཁར་ནས་ཕྱུང་སྟེའ་སྴེམ་ཅིའུར་དུ་བྲོས་ནས། ཞེས་དང་། ད་དུང་། ཀིམ་ཤེང་ཀོང་ཅོའི(金城公主)མིང་པོ.....སོགས་ཀྱི་བོད་བསྒྱུར་རྒྱའི་ཐ་སྙད་དང་། དབོན་ཞང་རྡོ་རིང(823)གྱི་ནུབ་ངོས་ཡིག་ཕྲེང་དུ། རྒྱའྀ་རྒྱལ་པོ་ཆེན་པོ་རྒྱ་རྗེ་ཧྭང་ཏེ(皇帝)དབོན་ཞང་གཉྀས། །ཞེས་དང་། རྒྱ་རྗེ་བཱུན་བཱུ་ཧེའུ་ཏྀག་ཧྭང་ཏེ(文武孝德皇帝)ཞེས་དང་། ད་དུང་། རྒྱལ་རྗེ་ཐེའེ་ཙོང་བཱུན་ཤྀན་བཱུ་ཧྭང་ཏེ(太宗文武圣皇帝)གཉྀས། ཆབ་སྲིད་གཅྀག་ཏུ་མོལ་ནས། ཅེང་ཀྭན་གྱྀ་ལོ་ལ། མུན་ཤེང་ཀོང་ཅོ (文成公主) རྒྱ་རྗེ་སམ་ལང་ཁའེ་འགྭན་ཤེང་བཱུན་ཤྀན་བཱུ་ཧྭང་ཏེ(三郎开元圣文神武皇帝) ཀྀམ་ཤྀང་ཀོང་ཅོ(金城公主)སོགས་དུ་མ་འདུག་ཀྱང་འདིར་དཔེ་མཚོན་གྱི་ཚུལ་དུ་དེ་དག་དྲངས་པའོ། །གཞན་ཡང་། ཏུན་ཧོང་ཤོག་དྲིལ་དུ། སྤྱི་ལོ(710)བཙན་མོ་ཀྀམ་ཤང་ཁོང་ཅོ(金城公主)ར་སའི་ཤ་ཚལ་དུ་གཤེགས། ཞེས་དང་། བོད་ཀྱི་བློན་པོ། །འགར་ཁྲི་འབྲྀང་བཙན་བྲོད་དང་རྒྱའི་བློན་པོ་འྭོང་ཀེར་ཞང་ཤེ(王孝杰)གཉིས། སོགས་གསལ།

(2)ཡུལ་མིང་ངམ་ས་མིང་སྐད་སོར་འཇོག་ཇི་ལྟར་བྱེད་ཚུལ་སྐོར།
        ཞོལ་རྡོ་རིང་ཕྱི་མའི་ཐོག(763)རྒྱ་རྗེ་ཀྭང་པེང་ཝང་ཡང་། ཀེང་ཤྀའི་མཁར་ནས་ཕྱུང་སྟེའ་སྴེམ་ཅིའུར(陕州)བྲོས་ནས། ཞེས་ཀེང་ཤྀ(京师)ཞེས་པའི་མིང་མང་དག་ཅིག་ཐོན་ཞིང་། འཕྱོངས་རྒྱས་སྟག་རྩེའི་རྡོ་རིང(797)དུ། བྱིན་གྱི་སྒམ་དཀྱེལ་ཆེན་པོ་དང་། དབུ་རྨོག་བརྩན་པོས། ཡར་ནི་ཏ་ཞིག(大食)གྱི་མཚམས་མན་ཆད། མར་ནི་ལོང་ཤན(陇山)གྱི་ལ་རྒྱུད་ཡན་ཅད། ཆབ་འོག་འདུ་སྟེ། ཆབ་སྲིད་ནི་ལྷོ་བྱང་ཤར་ནུབ། མཐའ་ཀླས་པར་ཆེའོ། ཞེས་དང་། ཞོལ་དབོན་ཞང་རྡོ་རིང(823)ནུབ་ངོས་གཡོན་གྱི་ཡིག་ཕྲེང་དུ། རྒྱ་བོད་གཉིས་ཀྱྀ་བར། །ཙང་ཀུན་ཡོག(将军谷)ཏུ་རྟ་བརྗེས་ལ། །སྩེ་ཞང་ཆེག(绥戎栅)དུ་རྒྱ་དང་ཕྲད་པ་མན་ཆད་ནྀ་རྒྱས་ཕུ་དུད་བྱ། །ཙེང་ཤུ་ཧྱན(清水县)དུ་བོད་པ་ཕྲད་པ་ཡན་ཅད་ནྀ་བོད་ཀྱིས་ཕུ་དུད་བྱ་སྟེ། །ཞེས་དང་། ཤར་ངོས་ཡིག་ཕྲེང་དུ་། ཀེང་ཤྀའི་ནུབ་ཕྱོགས་ཤེག་སང་སྀའི(兴唐寺)དྲུང་དུ། ཞེས་སོགས་པུར་རྒྱལ་བཙན་པོའི་དུས་བོད་དང་འབྲེལ་བའི་ས་མིང་མང་དག་ཅིག་སྐད་སོར་བཞག་གི་ཚུལ་དུ་འཁོད་འདུག་པ་དག་ལ། སྐབས་དེའི་བོད་ཀྱི་ས་ཁྱོན་ཆེ་ཆུང་དང་ལོ་རྒྱུས་ཀྱི་གནས་ཚུལ་དག་ལ་དཔྱོད་པའི་རྩ་ཆེའི་དཔྱད་གཞིར་གྱུར་ཡོད།

(3)མིང་གཞན་སྐད་སོར་འཇོག་ཇི་ལྟར་བྱེད་ཚུལ་སྐོར།
        དབོན་ཞང་རྡོ་རིང(823)གི་ཤར་ངོས་ཡིག་ཕྲེང་དུ། ཅེང་ཀྭན(贞观)གྱྀ་ལོ་ལ། མུན་ཤེང་ཀོང་ཅོ། །བཙན་པོའི་ཁབ་དུ་བླངས། ཀེང་ལུང(景龙)གྀ་ལོ་ལ་ཀྀམ་ཤྀང་ཀོང་ཅོ། །བཙན་པོའི་ཁབ་དུ་བླངས་ནས། །དབོན་ཞང་དུ་གྱུར་ཏེ་དགྱེས་པ་ལས་ཞེས་དང་། བོད་ཆེན་པའི་ལོའི་མྱིང་ནི་སྐྱིད་སྟག་ལོ་བདུན། རྒྱ་ཆེན་པའི་ལོའི་མྱྀང་ནི། །ཅང་ཀེང་ལོ(长庆)དང་པོ་ལྕགས་མོ་གླང་གྀ་ལོའི་དགུན་སླ་ར་བ་ཚེས་བཅུ་ལ་ཞེས་སོགས་མང་དུ་འདུག་ཀྱང་དེར་དཔེ་མཚོན་གྱི་ཚུལ་དུ་དེ་དག་དྲངས་པའོ། །

གཉིས། སྐད་སོར་འཇོག་བྱེད་ཚུལ་གྱི་ཁྱད་ཆོས།

(1)ཡི་གེའི་འབྲི་ལུགས་དང་སྒྲ་འབྱིན་ཚུལ་ཐད་ཀྱི་ཁྱད་ཆོས།
        སྐབས་དེའི་རྡོ་རིང་ཡི་གེ་ནི་སྐབས་དེ་རང་གི་སྐད་དང་ཡི་གེ་ལ་བརྟེན་ནས་བྲིས་པ་ཡིན་ཞིང་། ཡི་གེ་འབྲི་སྟངས་ཐད་མིང་གཞི་རྐྱང་པ་ལ་མཐའ་རྟེན་འ་ཡིག་སྦྱོར་བ་དང་གི་གུ་ཕྱིར་ལོག་མང་བ། མིང་གཞིའི་ཡི་གེ་དང་རྗེས་འཇུག་སོགས་ལ་འཇུག་པའི་སྐབས་རང་སྡེའི་ནང་གསེས་སུ་འཇུག་པ་དག་གང་བདེར་བྲིས་ཤིང་། མིའི་མིང་གི་སྐབས་མིང་གཞིར་ཝ་ཟུར་འདོགས་ཚུལ་སོགས་ཡི་གེའི་འབྲི་ལུགས་ཐད་ཁྱད་ཆོས་སྣ་མང་དུ་མངའ་བས། སྐབས་དེའི་སྐད་དང་ཡི་གེར་ཞིབ་འཇུག་བྱེད་པའི་དཔྱད་གཞི་ཚད་མ་ཉག་ཅིག་ཡིན།
        ཀློག་སྟངས་ཐད། སྤྱིར་ཞོལ་རྡོ་རིང་ཕྱི་མ་སོགས་ལ་བལྟས་ན་རྒྱལ་པོས་བཀས་བཅད་ནས་ནམ་ཡང་མི་འགྱུར་བའི་ཆེད་བརྩིགས་པ་ཡིན་པས། དེའི་ཐོག་གི་ཡི་གེའི་འབྲི་ཚུལ་ལ་གཞིགས་ན། སྐབས་དེའི་སྐད་ཡིག་དང་ཅུང་མཐུན་པར་མཐོང་བ་དཔེར་ན། རྒྱ་རྗེ་ཧེའུ་འགྀ་ཝང་ཏེ(孝感皇帝)ཞེས་པ་ཞོལ་རྡོ་རིང་ཕྱི་མའི་ཐོག་འཁོད་ཤིང་། དེ་ནས་ལོ60ལྷག་གི་རྗེས་སུ་བཞེངས་པའི་དབོན་ཞང་རྡོ་རིང་ཐོག རྒྱའྀ་རྒྱལ་པོ་ཆེན་པོ་རྒྱ་རྗེ་ཧྭང་ཏེ།(皇帝)ཞེས་པ་དེང་གི་ཧོང་ཏི་ཞེས་པའི་སྒྲ་གཉིས་འབྲི་ཚུལ་མི་འདྲ་བར་བྲིས་འདུག་ཅིང་། གཅིག་ལ་ཝང་ཏི་དང་གཅིག་ཤོས་ལ་ཧྭང་ཏེ་ཞེས་བྲིས་པས་ཀློག་སྟངས་ཀྱང་མི་གཅིག་པར་འདུག་ཅིང་། ད་དུང་ཏུན་ཧོང་ཤོག་དྲིལ་དུ་སྤྱི་ལོ(710)ལོར་བཙན་མོ་ཀྀམ་ཤང་ཁོང་ཅོ(金城公主)ཞེས་པར་བྲིས་ཤིང་། སྤྱི་ལོ(823)ལོར་བཞེངས་པའི་དབོན་ཞང་རྡོ་རིང་ཐོག་ཀྀམ་ཤྀང་ཀོང་ཅོ(金城公主)ཞེས་འཁོད་ཚུལ་ལ་གཞིགས་ན་འབྲི་ཚུལ་མི་འདྲ་བའི་རྐྱེན་གྱིས་ཀློག་སྟངས་ཀྱང་མི་འདྲ་བར་འདུག

(2)འགྱུར་ཡིག་གི་འགྲོ་ལུགས་ཐད་ཀྱི་ཁྱད་ཆོས།
        སོར་བཞག་གི་མིང་བརྡ་དག་གི་འགྲོ་ལུགས་ཐད་ལ་ཡང་ཁྱད་ཆོས་འགའ་རེ་ལྡན་པ་མཐོང་སྟེ། དང་པོ། སྒྲ་ཡོངས་སུ་འགྱུར་བ་ལ་དཔེར་ན། ཏུན་ཧོང་ཤོག་དྲིལ་དུ་གསལ་བའི་འྭོང་ཀེར་ཞང་ཤེ(王孝杰)ཞེས་པའི་མིང་དང་ཞོལ་རྡོ་རིང་ཕྱི་མའི་ཐོག་གསལ་བའི་རྒྱ་རྗེ་ཧེའུ་འགྀ་ཝང་ཏེ(孝感皇帝)ཞེས་པའི་ཁྲོད་ཀྱི་རྒྱ་ཡིག孝ཞེས་པའི་འབྲི་ཚུལ་དང་སྒྲ་འདོན་ཚུལ་གཉིས་རྒྱ་སྐད་དུ་གཅིག་མཚུངས་སུ་སྣང་ཡང་བོད་སྐད་དུ་ཕབ་བསྒྱུར་བྱེད་སྐབས། གཅིག་ལ་ཀེར་དང་གཅིག་ཤོས་ལ་ཧེའུ་ཞེས་ཡོངས་སུ་མི་མཐུན་པའི་སྒྲ་གཉིས་ཐོན་འདུག ད་དུང་། དབོན་ཞང་རྡོ་རིང་དུ། རྒྱ་རྗེ་བཱུན་བཱུ་ཧེའུ་ཏྀག་ཧྭང་ཏེ།(文武孝德皇帝)ཞེས་དང་། མུན་ཤེང་ཀོང་ཅོ(文成公主)རྒྱ་ཡིག文ཞེས་པའི་སྒྲ་དེ་རྒྱ་ཡིག་ཏུ་འབྲི་ཀློག་གཉིས་ཀ་མཚུངས་ཀྱང་། (མུན་ཤེང་ཀོང་ཅོ་ཞེས་པའི་མུན་གྱི་སྒྲ་དེ་སྡེ་པ་གཅིག་ནང་འུན་ནམ་བཱུན་གྱི་སྒྲ་ཕན་ཚུན་བརྗེས་པ་འདྲ) བོད་སྐད་དུ་ཡོངས་སུ་མི་གཅིག་པའི་སྒྲ་གཉིས་ཐོན་འདུག་པ་དག་དཔེ་མཚོན་ཙམ་དུ་དྲངས་པ་ལས་དཔེ་དེ་དང་འདྲ་བ་ད་དུང་མང་དག་ཅིག་མཆིས། ཡང་སྒྲ་ཅུང་ཟད་འགྱུར་བ་ལ། དཔེར་ན། ཏུན་ཧོང་ཤོག་དྲིལ་དུ། (སྤྱི་ལོ710)བཙན་མོ་ཀྀམ་ཤང་ཁོང་ཅོ(金城公主)ཞེས་བྲིས་ཤིང་།དབོན་ཞང་རྡོ་རིང་དུ་ཀྀམ་ཤྀང་ཀོང་ཅོ(金城公主)ཞེས་མིང་བརྡ་གཅིག་ལ་འབྲི་ཚུལ་མི་འདྲ་བ་གཉིས་བྲིས་ཤིང་། བོད་སྐད་དུ་སྒྲ་ཡང་ཅུང་ཟད་འགྱུར་ཡོད་པ་སོགས་དཔེ་མང་ཡང་འདིར་མ་དྲངས་སོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1