སྟག་ར་ཆུ་བོ་ ( གཞན་གཅིག)

ཐེ་བོ་དར་རྒྱས། (གཙོས ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-14


མི་དམའ་བརྗིད་ཆགས་སྟོབས་ཀྱི་དབུ་འཕང་ཆེ།།

སྤྲིན་དཀར་བླ་རུ་འཕགས་པའི་རྨེ་རིའི་འདབས།།

དལ་གྱིས་འབབ་པའི་བཞི་ཟུང་ཡན་ལག་ཅན།།

དཔའ་མཛངས་ཆུ་འདིར་སྟག་རའི་མིང་གིས་འབོད།།

ས་འཛིན་གྱེན་འབར་རོང་གྲོག་ནགས་ཚལ་ཁྱོན།།

གོམ་པས་བརྒལ་བའི་འཇིགས་མེད་འབབ་རྒྱུན་གྱི།།

ནུ་ཞོས་ཉིན་མཚན་དབྱེར་མེད་རྩི་ཤིང་དང་།།

གནའ་བོའི་མི་རིགས་སྲོག་གི་མྱུ་གུ་བསྐྱངས།།

ཨེ་མ་གྲམ་སྟེང་འཇའ་ཚོན་བཀྲ་ལྟར་བཞུད།།

རི་གཟར་གཡང་ནས་སེང་གེ་ཁྲོས་ལྟར་འབབ།།

རི་ཁྲོད་ནགས་མའི་ཀློང་དུ་ཤར་ཕྱོགས་ལ།།

གཡུ་འབྲུག་ཇི་བཞིན་རིངས་པའི་སྟབས་ཀྱིས་རྒྱུག།

ལོ་དེར་སྟག་རའི་ལུང་མདོར་གླུ་ལེན་གྱིས།།

བཟོ་ཞིང་དམར་དམག་དགའ་བའི་མདུན་བསུས་ཏེ།།

ཏང་ནང་ཧམ་ཅན་གཏོར་ལ་ངར་ཤུགས་བསྩལ།།

དམར་དམག་ཁ་བྲལ་ངན་ཇུས་རྡུལ་དུ་བརླགས།།

དེ་རིང་ཁྱེད་ཀྱིས་མི་རིགས་ཁག་གི་སྙན།།

དུས་རབས་གསར་བའི་དུང་སྒྲས་རབ་དཀྲོགས་ཏེ།།

ཡང་ཟོར་གོམ་སྟབས་ཀྲུང་ཧྭ་བསྐྱར་དར་གྱི།།

གཟི་འོད་ལམ་དུ་སྐུལ་འདི་བླ་ན་དགེ།།

གངས་ཅན་དང་རྒྱ་མཚོའི་གླེང་མོལ།

གངས་ཅན་གྱིས་རྒྱ་མཚོའི་ལག་པར་འཇུས་ཏེ།།

ཨེ་མ་ཧོ་རྒྱ་མཚོ་ཆུ་ཡི་གཏེར་ཆེན།།

དོ་ཟླ་བྲལ་ཁྱེད་ཀྱི་བློ་ཁོག་འདི་ཡིས།།

ས་སྟེང་གི་ཆུ་བོ་ཐམས་ཅད་བསྡུས་སོང་།།

ཉམ་ང་བའི་ཆུ་ཕྲན་ཡང་ཕྲན་ཡིན་རུང་།།

དམན་མཐོང་དང་སྣང་ཆུང་རྣམ་འགྱུར་མེད་པར།།

དཀྱེལ་ཡངས་ཀྱི་མཛའ་མཐུན་ལག་པ་བསྲིངས་ཏེ།།

དགའ་སྤྲོ་བཅས་བརྩེ་བའི་འཛུམ་གྱིས་བསུས་སོང་།།

དེ་ཡི་ཕྱིར་མུ་མཐའ་དཔོག་ཐབས་བྲལ་སོང་།།

ནང་སྒོས་སུ་རྒྱ་མཚོའི་རིག་གནས་འདི་ཡིས།།

མུན་འཇོམས་ཀྱི་སྲིད་པའི་སྒྲོན་མེ་ཞིག་ལྟར།།

འཇིག་རྟེན་གྱི་གཙུག་ལག་མདུན་ལམ་གསལ་སོང་།།

(འཕྲོ་མ་ཤོག་ངོས༦༡ལ་གཟིགས་པར་འཚལ།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1