ཞི་ཅིན་ཕིང་གིས་2021ལོའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་གྱི་ཝུའུ་ཀྲེན་དབུ་ཚོགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 09-28


        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2021ལོའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་གྱི་ཝུའུ་ཀྲེན་དབུ་ཚོགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད།
        ཞི་ཅིན་ཕིང་གིས། གྲངས་འཛིན་ལག་རྩལ་གྱིས་འདུ་ཤེས་གསར་པ་དང་། ལས་རྣམ་གསར་པ། མ་དཔེ་གསར་པ་བཅས་ཀྱི་ཐོག་ནས་མིའི་རིགས་ཀྱི་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བཅས་ཁྱབ་ཁོངས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱོན་ཡོངས་ནས་མཉམ་འདྲེས་བྱས་ཏེ། མིའི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བར་རྒྱ་ཆེ་ལ་གཏིང་ཟབ་པའི་ཤུགས་རྐྱེན་ཐེབས་བཞིན་ཡོད། མིག་སྔར་འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་དང་དུས་རབས་ཀྱི་རིམས་ནད་གཉིས་དུས་མཉམ་དུ་ཐོན་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལག་གདང་སྦྲེལ་ནས་ཆ་འཕྲིན་ཅན་དང་། གྲངས་འཛིན་ཅན། དྲ་རྒྱ་ཅན། རིག་ནུས་ཅན་བཅས་ཀྱི་འཕེལ་རྒྱས་འགྲོ་ཕྱོགས་དང་བསྟུན་ཐོག གོ་སྐབས་དམ་འཛིན་གྱིས་འགྲན་སློང་ལ་ཁ་གཏད་གཅོག་དགོས་པ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད་ཅེས་བསྟན་གནང་ཡོད།
        ཞི་ཅིན་ཕིང་གིས། ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་མིའི་རིགས་ལ་ཡར་རྒྱས་བརྩོན་ལེན་བྱེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཁུར་ནས། གྲངས་འཛིན་དཔལ་འབྱོར་གྱི་གསོན་ཤུགས་འཕེལ་བ་དང་། གྲངས་འཛིན་སྲིད་གཞུང་གི་ཕན་ནུས་ཆེ་རུ་གཏོང་བ། གྲངས་འཛིན་སྤྱི་ཚོགས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ། གྲངས་འཛིན་མཉམ་ལས་ཀྱི་གནས་བབ་གཏོད་པ། གྲངས་འཛིན་བདེ་འཇགས་སྲུང་ཡོལ་བརྟན་པོ་སྐྲུན་པ་བཅས་བྱས་ཏེ། གྲངས་འཛིན་ཤེས་དཔལ་གྱིས་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
        2021ལོའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་གྱི་ཝུའུ་ཀྲེན་དབུ་ཚོགས་དེ་ཉིན་ཀྲེ་ཅང་ཞིང་ཆེན་ཐུང་ཤང་གྲོང་ཁྱེར་ཝུའུ་ཀྲེན་དུ་འགོ་ཚུགས་ཤིང་། དེའི་བརྗོད་དོན་གཙོ་བོ་ནི“གྲངས་འཛིན་ཤེས་དཔལ་གྱི་དུས་རབས་གསར་པར་ཕྱོགས། ལག་གདང་སྦྲེལ་ནས་དྲ་རྒྱའི་བར་མཐོངས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད”ཅེས་པ་དེ་ཡིན་པ་དང་། རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་དོན་ཁང་དང་ཀྲེ་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1