ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཤེས་ལྡན་མི་སྣའི་ལས་དོན་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 09-30


ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཤེས་ལྡན་མི་སྣའི་ལས་དོན་ཚོགས་འདུའི་ཐོག
དུས་རབས་གསར་པའི་ཤེས་ལྡན་མི་སྣ་སྟོབས་ཆེའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས་འཛམ་གླིང་གི་ཤེས་ལྡན་མི་སྣའི་ལྟེ་གནས་དང་གསར་གཏོད་ཀྱི་མཐོ་ས་གལ་ཆེན་སྐྲུན་མགྱོགས་སུ་གཏོང་དགོས་ཞེས་ནན་བཤད་གནང་བ།
ལི་ཁེ་ཆང་གིས་གཙོ་སྐྱོང་གནང་བ་དང་། ལི་ཀྲན་ཧྲུའུ་དང་། དབང་དབྱང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་ཞུགས་པ། ཝང་ཧུའུ་ཉིང་གིས་གསུང་བཤད་གནང་བ།


ཟླ་9ཚེས་27དང་ཚེས་28ཉིན་ཀྲུང་དབྱང་གི་ཤེས་ལྡན་མི་སྣའི་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

        འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་9ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་27ཉིན་དང་ཚེས་28ཉིན། ཀྲུང་དབྱང་གི་ཤེས་ལྡན་མི་སྣའི་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་ཏང་གིས་ཤེས་ལྡན་མི་སྣར་དོ་དམ་བྱ་རྒྱུ་མཐའ་འཁྱོངས་དང་། འཛམ་གླིང་ཚན་རྩལ་གྱི་མདུན་ས་དང་། དཔལ་འབྱོར་གྱི་གཡུལ་ས་གཙོ་བོ། རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན། མི་དམངས་ཀྱི་ཚེ་སྲོག་བདེ་ཐང་བཅས་ལ་ཁ་ཕྱོགས་རྒྱུ་མཐའ་འཁྱོངས། དུས་རབས་གསར་པའི་ཤེས་ལྡན་མི་སྣ་སྟོབས་ཆེའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ། ཤེས་ལྡན་མི་སྣ་ཕྱོགས་ཡོངས་ནས་གསོ་སྐྱོང་དང་། ནང་འདྲེན། བཀོལ་སྤྱོད་ཡག་པོ་བཅས་བྱས་ཏེ། འཛམ་གླིང་གི་ཤེས་ལྡན་མི་སྣའི་ལྟེ་གནས་དང་གསར་གཏོད་ཀྱི་མཐོ་ས་གལ་ཆེན་སྐྲུན་མགྱོགས་སུ་བཏང་ནས། 2035ལོར་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་རྒྱུར་ཤེས་ལྡན་མི་སྣའི་འདེགས་སྐྱོར་བྱེད་དགོས་པ་དང་། 2050ལོར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུར་ཤེས་ལྡན་མི་སྣའི་རྨང་གཞི་ཡག་པོ་འདིང་དགོས་ཞེས་ནན་བཤད་གནང་བ་རེད།
        ལི་ཁེ་ཆང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ལི་ཀྲན་ཧྲུའུ་དང་། དབང་དབྱང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་ཚོགས་འདུར་ཞུགས་པ། ཝང་ཧུའུ་ཉིང་གིས་ཕྱོགས་སྡོམ་གསུང་བཤད་གནང་བ་རེད།
        ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་བསྟན་གནང་དོན། ལོ་བརྒྱའི་འབད་འཐབ་བརྒྱུད་རིམ་ནང་རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དང་། ཤེས་ལྡན་མི་སྣར་མཐུན་སྒྲིལ་བྱ་རྒྱུ། ཤེས་ལྡན་མི་སྣར་སྣེ་ཁྲིད་བྱ་རྒྱུ། ཤེས་ལྡན་མི་སྣར་གྲུབ་འབྲས་ཐོབ་པ་བྱ་རྒྱུ་བཅས་ལ་མཐོང་ཆེན་བྱས་ཏེ། ཕྱོགས་ཁག་གི་ཤེས་ལྡན་མི་སྣར་མཐུན་སྒྲིལ་དང་རྒྱབ་སྐྱོར་བྱས་ནས་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་བྱས་རྗེས་བཞག་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཤེས་ལྡན་མི་སྣ་ནི་མི་རིགས་དར་རྒྱས་ཡོང་བ་བྱེད་པ་དང་རྒྱལ་སྤྱིའི་འགྲན་རྩོད་ཀྱི་རང་འགུལ་དབང་ཆ་ཐོབ་པར་བྱེད་པའི་འཐབ་ཇུས་ཀྱི་ཐོན་ཁུངས་ཡིན་པའི་བརྡར་ཤ་གལ་ཆེན་བཅད་པ་དང་། ཕྱོགས་ཡོངས་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ནང་འདྲེན། བཀོལ་སྤྱོད་བཅས་བྱ་རྒྱུའི་བཀོད་སྒྲིག་གལ་ཆེན་བྱས་ཏེ། དུས་རབས་གསར་པའི་ཤེས་ལྡན་མི་སྣའི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་བ་བྱ་རྒྱུར་སྐུལ་འདེད་བཏང་ཡོད། ཏང་གིས་ཤེས་ལྡན་མི་སྣའི་ལས་དོན་ལ་འགོ་ཁྲིད་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་ཐེབས་པ་དང་། ཤེས་ལྡན་མི་སྣའི་དཔུང་ཁག་མགྱོགས་མྱུར་སྟོབས་ཆེར་སོང་བ། ཤེས་ལྡན་མི་སྣའི་ནུས་ཆོད་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ། ཤེས་ལྡན་མི་སྣའི་བསྡུར་གཞི་ཡོད་པའི་ལེགས་ཆ་བརྟན་པོའི་ངང་ཆེ་རུ་ཕྱིན་ནས་རང་རྒྱལ་ལ་གཞི་ཁྱོན་ཆེ་བ་དང་། བྱང་ཚད་མཐོ་བ། སྒྲིག་གཞི་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ། ནུས་པ་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བ་བཅས་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་ཅིག་ཐོན་པ་མ་ཟད། རང་རྒྱལ་གྱི་ཤེས་ལྡན་མི་སྣའི་ལས་དོན་དེའང་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པ་ཞིག་ཏུ་སླེབས་ཡོད།
        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔར་རང་རྒྱལ་འདི་ཉིད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་ཕྱོགས་སུ་སྐྱོད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་སྐྱོད་བཞིན་ཡོད་པས། ང་ཚོ་ལོ་རྒྱུས་ཀྱི་དུས་སྐབས་གང་ཞིག་ལས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་བྱེད་པའི་བརྗིད་ཆེའི་དམིགས་ཚད་དང་དེ་བས་ཐག་ཉེ་བ་མ་ཟད། ལོ་རྒྱུས་ཐོག་གི་དུས་སྐབས་གང་ཞིག་ལས་ཀྱང་ཤེས་ལྡན་པ་མཁོ་གལ་ཆེ་བའང་ཡོད། ང་ཚོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པར་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་དང་རང་སྟོབས་ཆེན་པོ་ཡོང་བ་བྱ་རྒྱུ་ནི་འགག་རྩ་རེད། ཕྱོགས་བསྡུས་རྒྱལ་སྟོབས་ཀྱི་འགྲན་རྩོད་ཅེས་པ་དེ་མཐར་གཏུགས་ནས་བཤད་ན་ཤེས་ལྡན་མི་སྣའི་འགྲན་རྩོད་རེད། ཤེས་ལྡན་མི་སྣ་ནི་རྒྱལ་ཁབ་ཅིག་གི་ཕྱོགས་བསྡུས་རྒྱལ་སྟོབས་བསྡུར་ཞིབ་བྱེད་པའི་དམིགས་ཚད་གལ་ཆེན་ཞིག་རེད། རྒྱལ་ཁབ་འཕེལ་རྒྱས་གཏོང་བར་ཤེས་ལྡན་མི་སྣར་རྟེན་དགོས་པ་དང་མི་རིགས་དར་རྒྱས་གཏོང་བར་ཤེས་ལྡན་མི་སྣར་རྟེན་དགོས་ཀྱི་རེད། དེས་ན་ང་ཚོས་ངེས་པར་དུ་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཤེས་ལྡན་མི་སྣ་རང་ཚུགས་གསོ་སྐྱོང་ལ་དེ་བས་མཐོང་ཆེན་བྱས་ཏེ། ཤེས་ལྡན་མི་སྣའི་ཐོན་ཁུངས་འགྲན་རྩོད་ཀྱི་ལེགས་ཆ་མགྱོགས་མྱུར་ཆགས་པར་བྱེད་དགོས།
        ཞི་ཅིན་ཕིང་གིས་བསྟན་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཤེས་ལྡན་མི་སྣ་སྟོབས་ཆེའི་རྒྱལ་ཁབ་སྐྲུན་དོན་གང་ཡིན་པ་དང་། གང་ཞིག་ནི་ཤེས་ལྡན་མི་སྣའི་སྟོབས་ཆེའི་རྒྱལ་ཁབ་ཡིན་པ། ཇི་ལྟར་བྱས་ནས་ཤེས་ལྡན་མི་སྣའི་སྟོབས་ཆེའི་རྒྱལ་ཁབ་སྐྲུན་པ་བཅས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ལན་གཏིང་ཟབ་བརྒྱབ་པ་དང་འདུ་ཤེས་གསར་པ་དང་། འཐབ་ཇུས་གསར་པ། བྱ་ཐབས་གསར་པ་བཅས་རབ་དང་རིམ་པ་བཏོན་པ་སྟེ། གཅིག་ནི་ཏང་གིས་ཤེས་ལྡན་མི་སྣའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། གཉིས་ནི་ཤེས་ལྡན་མི་སྣས་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པའི་འཐབ་ཇུས་ཀྱི་གནས་བབ་མཐའ་འཁྱོངས། གསུམ་ནི་འཛམ་གླིང་གི་ཚན་རྩལ་གསར་ཤོས་དང་། དཔལ་འབྱོར་གྱི་འཐབ་ས་གཙོ་བོ། རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན། མི་དམངས་ཀྱི་ཚེ་སྲོག་བདེ་ཐང་བཅས་ལ་ཁ་ཕྱོགས་རྒྱུ་མཐའ་འཁྱོངས། བཞི་ནི་ཕྱོགས་ཡོངས་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་བཀོལ་སྤྱོད་ཡག་པོ་བྱ་རྒྱུ་མཐའ་འཁྱོངས། ལྔ་ནི་ཤེས་ལྡན་མི་སྣ་འཕེལ་རྒྱས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས། དྲུག་ནི་ཤེས་ལྡན་མི་སྣ་མ་ལུས་འདུ་སྤྱོད་བྱ་རྒྱུ་མཐའ་འཁྱོངས། བདུན་ནི་ཤེས་ལྡན་མི་སྣ་ཤེས་རྟོགས་དང་། ཤེས་ལྡན་མི་སྣར་དགའ་ཞེན། ཤེས་ལྡན་མི་སྣར་གུས་བཀུར། ཤེས་ལྡན་མི་སྣ་བཀོལ་སྤྱོད་བཅས་ཀྱི་ཁོར་ཡུག་བསྐྲུན་རྒྱུ་མཐའ་འཁྱོངས། བརྒྱད་ནི་ཚན་རིག་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་བཅས་རེད། གོང་གསལ་གྱི་དོན་ཚན་8ནི་ང་ཚོས་རང་རྒྱལ་གྱི་ཤེས་ལྡན་མི་སྣའི་བྱ་གཞག་འཕེལ་རྒྱས་གཏོང་བའི་ཆོས་ཉིད་ལ་ངོས་འཛིན་གཏིང་ཟབ་བྱས་པ་ཞིག་ཡིན་པས། ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས་པ་མ་ཟད། རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་ཀྱང་གཏོང་དགོས།
        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འཛམ་གླིང་གི་ཤེས་ལྡན་མི་སྣའི་ལྟེ་གནས་དང་གསར་གཏོད་ཀྱི་མཐོ་ས་གལ་ཆེན་སྐྲུན་མགྱོགས་སུ་གཏོང་བར། ངེས་པར་དུ་འཐབ་ཇུས་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་བྱས་ནས་རྩེ་རིམ་ཇུས་འགོད་དང་འཐབ་ཇུས་འཆར་འགོད་ཡག་པོ་བྱེད་དགོས། ང་ཚོའི་དམིགས་ཚད་ནི། 2025ལོར་སླེབས་སྐབས། སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་གསར་སྤེལ་གྱི་གྲོན་དངུལ་གཏོང་ཤུགས་ཇེ་ཆེར་འགྲོ་བ་དང་། ཚན་རྩལ་གསར་གཏོད་ཀྱི་གཙོ་ཤུགས་དམག་གི་དཔུང་ཁག་འཛུགས་སྐྱོང་ལ་འཕེལ་རྒྱས་གལ་ཆེན་ཡོང་བ། ཚན་རིག་མཁས་ཅན་རྩེ་གྲ་གཅིག་ཏུ་འདུས་པའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་བ། ཤེས་ལྡན་མི་སྣའི་རང་བརྟེན་གསོ་སྐྱོང་གི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བ། འགག་རྩའི་ལྟེ་བའི་ལག་རྩལ་ཁྱབ་ཁོངས་སུ་འཐབ་ཇུས་ཀྱི་ཚན་རྩལ་ཤེས་ལྡན་མི་སྣ་དང་། ཚན་རྩལ་གྱི་སྣེ་ཁྲིད་ཤེས་ལྡན་མི་སྣ་དང་གསར་གཏོད་དཔུང་ཁག་རྩེ་གྲ་འབོར་ཆེན་ཡོང་བ། 2030ལོར་སླེབས་སྐབས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འཚམ་པའི་ཤེས་ལྡན་མི་སྣའི་ལམ་ལུགས་ཀྱི་མ་ལག་གཞི་རྩའི་ཆ་ནས་གྲུབ་པ་དང་། གསར་གཏོད་ཀྱི་ཤེས་ལྡན་མི་སྣ་རང་བརྟེན་གྱིས་གསོ་སྐྱོང་བྱེད་པའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ། འཛམ་གླིང་ཐོག་གི་ཕུལ་བྱུང་ཤེས་ལྡན་མི་སྣའི་བློ་ཁ་འགུག་ཤུགས་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ། ཚན་རྩལ་གྱི་ཁྱབ་ཁོངས་གཙོ་བོར་སྣེ་ཁྲིད་པ་ཁག་གཅིག་དང་གསར་དར་དང་གསར་ཤོས་མཉམ་འདྲེས་ཀྱི་ཁྱབ་ཁོངས་སུ་གསར་གཏོད་མཁན་ཁག་གཅིག་ཡོང་བ། 2035ལོར་སླེབས་སྐབས། ཁྱབ་ཁོངས་མང་པོའི་ཤེས་ལྡན་མི་སྣའི་འགྲན་རྩོད་ཐད་རང་རྒྱལ་གྱི་བསྡུར་གཞི་ཡོད་པའི་ལེགས་ཆ་གྲུབ་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་དང་ཆུ་ཚད་མཐོ་བའི་ཤེས་ལྡན་མི་སྣའི་དཔུང་ཁག་འཛམ་གླིང་གི་མདུན་གྲལ་དུ་སླེབས་པ་བཅས་བྱ་རྒྱུ་དེ་རེད།
        ཞི་ཅིན་ཕིང་གིས་བསྟན་གནང་དོན། འཛམ་གླིང་གི་ཤེས་ལྡན་མི་སྣའི་ལྟེ་གནས་དང་གསར་གཏོད་ཀྱི་མཐོ་ས་གལ་ཆེན་མགྱོགས་པོ་བསྐྲུན་པར་འཐབ་ཇུས་ཀྱི་བཀོད་སྒྲིག་བྱེད་དགོས་ཀྱི་ཡོད། ཕྱོགས་བསྡུས་བསམ་གཞིག་བྱས་ཚེ། པེ་ཅིང་དང་། ཧྲང་ཧའེ། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་བཅས་སུ་ཆུ་ཚད་མཐོ་བའི་ཤེས་ལྡན་མི་སྣའི་མཐོ་ས་སྐྲུན་པ་དང་། རིམ་པ་མཐོ་བའི་ཤེས་ལྡན་མི་སྣ་གཅིག་སྡུད་ཀྱི་ལྟེ་བའི་གྲོང་ཁྱེར་ཁག་གཅིག་གིས་ཀྱང་ཤེས་ལྡན་མི་སྣ་འགུག་པ་དང་འདུ་འཛོམས་ཀྱི་ལས་སྟེགས་སྐྲུན་པར་ཤུགས་སྣོན་རྒྱག་པ། ཤེས་ལྡན་མི་སྣ་འཕེལ་རྒྱས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟ་བྱེད་པ། རྒྱལ་ཁབ་ཀྱི་ཐོན་ཁུངས་སྤུས་ལེགས་གཅིག་ཏུ་བསྡུས་ནས་རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་དང་ཞིབ་འཇུག་གསར་སྤེལ་སྒྲིག་གཞི་གསར་པ་ཁག་གཅིག་བསྐྲུན་རྒྱུ་གཙོ་གནད་དུ་བཟུང་སྟེ་རྒྱབ་སྐྱོར། རྒྱལ་སྤྱིའི་ཚན་རིག་གི་འཆར་གཞི་ཆེན་པོ་འགོད་པ་བཅས་བྱས་ནས་ཤེས་ལྡན་མི་སྣར་རྒྱལ་སྤྱིའི་གསར་གཏོད་ལས་སྟེགས་རྩེ་གྲ་བཏོད་དེ་འཐབ་ཇུས་ཀྱི་བརྟེན་ས་དང་ཚོགས་སྒྲིག་གི་བཀོད་པ་གང་མགྱོགས་ཆགས་པར་བྱེད་དགོས།
        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཤེས་ལྡན་མི་སྣ་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས། དགོས་མཁོ་དང་དོན་དངོས་ལ་གཞིགས་ནས་མི་སྤྱོད་བྱེད་པོར་དབང་ཆ་གང་ལེགས་སྤྲད་དེ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ནང་འདྲེན། བཀོལ་སྤྱོད་བཅས་ཁྲོད་ཀྱི་མི་སྤྱོད་བྱེད་པོའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས། མི་སྤྱོད་བྱེད་པོས་རང་སྟོབས་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། ཞབས་ཞུའི་འདུ་ཤེས་དང་འགན་སྲུང་ནུས་པ་ཆེ་རུ་གཏོང་བ། རང་ཉིད་གཅུན་འདོམས་དང་ཕྱི་རོལ་ལྟ་སྐུལ་གྱི་གོ་ཆོད་པའི་ལམ་སྲོལ་བཟོ་བ་བཅས་བྱས་ཏེ་གཤམ་སྤྲོད་དབང་ཚད་དང་ལེན་ཐུབ་པ་དང་བཀོལ་སྤྱོད་ཡག་པོ་ཐུབ་པའི་འགན་ལེན་བྱེད་དགོས། མི་སྤྱོད་ཚན་པས་བྱེད་པོའི་འགན་འཁྲི་ཡག་པོ་འཁུར་བ་དང་། དབང་ཆ་བཀོལ་སྤྱོད་ཡག་པོ་མ་ཐུབ་པ་དང་འགན་འཁྲི་ཡག་པོ་མི་སྒྲུབ་པའི་རིགས་ཀྱི་འགན་འཁྲི་རྩད་གཅོད་བྱེད་དགོས། ཤེས་ལྡན་མི་སྣའི་འཆིང་ཐག་དཀྲོལ་བ་དང་ཤེས་ལྡན་མི་སྣར་དོ་དམ་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་ཤེས་ལྡན་མི་སྣ་རྩ་བར་འཛིན་པ་དང་། ཤེས་ལྡན་མི་སྣར་ཡིད་ཆེས། ཤེས་ལྡན་མི་སྣར་བརྩི་འཇོག ཤེས་ལྡན་མི་སྣར་མཐོང་ཆེན། ཤེས་ལྡན་མི་སྣར་བསྟུན་མཁས་བཅས་བྱེད་དགོས། ཚན་རིག་མཁས་ཅན་ལ་ལག་རྩལ་གྱི་ལམ་ཕྱོགས་ཐག་གཅོད་བྱེད་དབང་དང་། གྲོན་དངུལ་གཏོང་དབང་། ཐོན་ཁུངས་བཀོད་གཏོང་བྱེད་དབང་བཅས་དེ་བས་ཆེ་བ་སྤྲོད་པ་དང་ཆབས་ཅིག འགན་འཁྲིའི་ལམ་ལུགས་དང་དམག་བཀའ་དང་ལེན་ཞུ་ཡིག་གི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཚན་ཞིབ་རྣམ་གྲངས་ལ་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས། ཚན་ཞིབ་འགྲོ་གྲོན་དོ་དམ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ཤེས་ལྡན་མི་སྣ་བསྡུ་སྒྲིལ་འཆར་གཞི་ལེགས་སུ་བཏང་ནས་ཤེས་ལྡན་མི་སྣས་སེམས་རྣལ་དུ་ཕབ་ནས་ཤེས་བྱ་སྦྱོང་བ་དང་ཞིབ་འཇུག་བྱེད་པ་དང་། གྲུབ་འབྲས་མང་ཙམ་དང་གྲུབ་འབྲས་བཟང་པོ་ཐོབ་པ་བྱེད་དགོས། ཤེས་ལྡན་མི་སྣའི་གདེང་འཇོག་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་རིན་ཐང་དང་། ནུས་པ། ལེགས་སྐྱེས་བཅས་སྟོན་ཕྱོགས་སུ་འཛིན་པའི་ཤེས་ལྡན་མི་སྣའི་གདེང་འཇོག་མ་ལག་གང་མགྱོགས་བཙུགས་ཏེ། ཚན་རྩལ་ཤེས་ལྡན་མི་སྣས་བློ་རྩེ་གཅིག་སྒྲིམ་གྱིས་ཞིབ་འཇུག་དང་གསར་གཏོད་བྱེད་པར་ཕན་པའི་གདེང་འཇོག་མ་ལག་ཆགས་པ་དང་ལག་བསྟར་བྱེད་དགོས།
        ཞི་ཅིན་ཕིང་གིས་བསྟན་གནང་དོན། འཐབ་ཇུས་ཀྱི་ཚན་རིག་མཁས་ཅན་གསོ་སྐྱོང་དང་བེད་སྤྱོད་ཤུགས་ཆེན་བྱས་ནས་ལག་ལེན་གྱི་ཚད་གཞི་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཀྱི་ཚན་རྩལ་ལས་འགན་གལ་ཆེན་ཁུར་བའི་སྣེ་ཁྲིད་པའི་ཁྲོད་ཚན་རིག་གི་བྱང་ཚད་ལེགས་པོ་ལྡན་ལ་ཚན་ཞིབ་ཀྱི་འཐབ་ཕྱོགས་དང་པོར་ཡུན་རིང་འབད་འཐབ་བྱེད་མྱོང་བ་དང་། མཐོང་རྒྱ་ཡངས་པ་དང་མ་འོངས་སྔོན་མཐོང་རང་བཞིན་གྱི་བརྡར་གཅོད་ནུས་པ་དང་། རིག་ཚན་ལས་བརྒལ་བའི་གོ་བ་ལོན་ནུས། ཚོགས་པ་ཆེན་པོའི་འཐབ་འཛིང་སྒྲིག་འཛུགས་དང་སྣེ་ཁྲིད་ནུས་པ་བཅས་ཆེ་བའི་ཚན་རིག་མཁས་ཅན་ཤེས་རྟོགས་ཐུབ་པ་བྱེད་དགོས། མིག་རྒྱང་རིང་པོ་མཐའ་འཁྱོངས་བྱས་ཏེ་འཐབ་ཇུས་ཀྱི་ཚན་རིག་མཁས་ཅན་བྱེད་ཐུབ་པའི་རིམ་པ་མཐོ་བའི་ཤེས་རྩལ་འཛོམས་པའི་ཤེས་ལྡན་མི་སྣ་སྔར་བས་མང་བ་དམིགས་སུ་ཤེས་རྟོགས་དང་གསོ་སྐྱོང་བྱས་ནས་འཐབ་ཇུས་ཀྱི་ཚན་རིག་མཁས་ཅན་འཚར་ལོངས་ཀྱི་སྐས་རུ་ཞིག་ཆགས་པར་བྱེད་དགོས།
        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཚན་རྩལ་སྣེ་ཁྲིད་ཤེས་ལྡན་མི་སྣ་དང་གསར་གཏོད་ཚོགས་པ་རྩེ་གྲ་འབོར་ཆེན་གཏོད་པ་དང་། རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་དང་། རྒྱལ་ཁབ་ཀྱི་ཚན་ཞིབ་སྒྲིག་གཞི། ཆུ་ཚད་མཐོ་བའི་ཞིབ་འཇུག་རྣམ་པའི་སློབ་ཆེན། ཚན་རྩལ་སྣེ་ཁྲིད་ཁེ་ལས་བཅས་ཀྱི་རྒྱལ་ཁབ་རུ་ཁག་གི་ནུས་པ་འདོན་སྤེལ། རྒྱལ་ཁབ་ཀྱི་གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་ཐོན་ལས་ལ་དམིགས་པ་བཅས་བྱས་ཏེ་ཐོན་སློབ་ཞིབ་གསུམ་མཉམ་དུ་འགག་སྒྲོལ་བྱེད་པར་སྒྲིག་འཛུགས་བྱེད་དགོས། སྣེ་ཁྲིད་ཤེས་ལྡན་མི་སྣ་ཤེས་རྟོགས་ཀྱི་ལམ་སྲོལ་དང་རྣམ་གྲངས་ཚོགས་པའི་འདེམས་སྒྲུག་ལམ་སྲོལ་ལེགས་སུ་བཏང་ནས་སྣེ་ཁྲིད་ཤེས་ལྡན་མི་སྣའི་སྐས་རིམ་ཆ་ཚང་ཞིག་དང་། ཚན་ཞིབ་ཆ་རྐྱེན་ཆ་ཚང་ཞིག དོ་དམ་ལམ་སྲོལ་ཆ་ཚང་ཞིག་བཅས་ཀྱི་དམིགས་བསལ་སྲིད་ཇུས་ལག་བསྟར་བྱེད་དགོས། གཞི་ཁྱོན་ཆེ་བའི་ན་གཞོན་ཚན་རྩལ་ཤེས་ལྡན་མི་སྣའི་དཔུང་ཁག་སྐྱེད་སྲིང་བྱས་ཏེ་རྒྱལ་ཁབ་ཀྱི་འཐབ་ཇུས་ཤེས་ལྡན་མི་སྣའི་སྟོབས་ཤུགས་སྐྱེད་སྲིང་བྱེད་པའི་སྲིད་ཇུས་ཀྱི་གཙོ་གནད་དེ་ན་གཞོན་ཚན་རྩལ་ཤེས་ལྡན་མི་སྣའི་སྟེང་དུ་བཞག་ནས་ན་གཞོན་ཤེས་ལྡན་མི་སྣས་འགན་གཙོ་བོ་འཁུར་བ་དང་གཙོ་རྐང་བྱེད་པར་རྒྱབ་སྐྱོར་བྱེད་དགོས། ཁྱད་དུ་འཕགས་པའི་ལག་རྩལ་ཆེ་མོ་བ་འབོར་ཆེན་གསོ་སྐྱོང་བྱས་ཏེ་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ཀྱི་དྲིན་གསོ་བ། ལས་ལ་བཀུར་བ། ལེགས་སྐྱེས་འབུལ་བ། ལག་རྩལ་གསར་གཏོད་ཀྱི་ནུས་པ་མངོན་གསལ་ལྡན་པ། རྙོག་འཛིང་ཆེ་བའི་ལས་གྲྭའི་གནད་དོན་ཐག་གཅོད་བྱེད་མཁས་པ་བཅས་ཀྱི་ལག་རྩལ་ཆེ་མོ་བའི་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས། མཐོ་སློབ་དང་ཁེ་ལས་གཉིས་ཀྱི་ཧུར་སེམས་སྐོང་འཐེན་ཡག་པོ་བྱས་ནས་ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གཏིང་ཟབ་ཐུབ་པར་བྱེད་དགོས།
        ཞི་ཅིན་ཕིང་གིས་བསྟན་གནང་དོན། ནུས་ཤུགས་ཡོད་རྒུས་ཤེས་ལྡན་མི་སྣ་ཕྱོགས་ཡོངས་ནས་གསོ་སྐྱོང་དང་། ནང་འདྲེན། བཀོལ་སྤྱོད་ཡག་པོ་བཅས་བྱེད་དགོས། རང་རྒྱལ་ལ་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་མཐོ་རིམ་སློབ་གསོའི་མ་ལག་ཡོད་པ་དང་། བྱ་གཞག་ཁག་འཕེལ་རྒྱས་གཏོང་བའི་ལས་སྟེགས་རྒྱ་ཆེན་པོ་ཡོད་པས། ཕུལ་དུ་བྱུང་བའི་ཤེས་ལྡན་མི་སྣ་འབོར་ཆེན་ཟམ་མི་ཆད་པར་གསོ་སྐྱོང་དང་སྐྱེད་སྲིང་བྱེད་ཐུབ་ངེས་དང་། སློབ་དཔོན་ཆེ་མོ་གསོ་སྐྱོང་བྱེད་ཐུབ་ངེས་རེད། ང་ཚོར་འདི་ལྟ་བུའི་ཆོད་སེམས་དང་འདི་ལྟ་བུའི་ཡིད་ཆེས་ལྡན་དགོས། ཤེས་ལྡན་མི་སྣ་རང་བརྟེན་གསོ་སྐྱོང་གི་ལམ་བུའི་ཐོག་ཡག་པོ་སྐྱོད་པར་མཐོ་སློབ་དང་ལྷག་དོན་དུ“རྩེ་གྲ་གཉིས”ཀྱི་སློབ་ཆེན་གྱིས་རྨང་གཞིའི་ཞིབ་འཇུག་ཤེས་ལྡན་མི་སྣ་གསོ་སྐྱོང་གི་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་དང་། རྨང་གཞིའི་རིག་ཚན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་ཕྱོགས་ཡོངས་ནས་འཆར་འགོད། རྨང་གཞིའི་རིག་ཚན་གསོ་སྐྱོང་གི་རྟེན་གཞི་ཁག་གཅིག་སྐྲུན་པ་བཅས་བྱས་ཏེ་ཆུ་ཚད་མཐོ་བའི་ཤེས་རྩལ་འཛོམས་པའི་མི་སྣ་གསོ་སྐྱོང་བྱེད་དགོས། རྨང་གཞིའི་ཞིབ་འཇུག་ཤེས་ལྡན་མི་སྣའི་ཆེད་དམིགས་རྣམ་གྲངས་གཏན་འབེབས་དང་ལག་བསྟར་བྱས་ཏེ་རང་བྱུང་ཚན་རིག་ཁྱབ་ཁོངས་སུ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་མ་ཟད། གསར་གཏོད་ཀྱི་གཏིང་ཤུགས་ཀྱང་མངོན་གསལ་དོད་པའི་ན་གཞོན་ཤེས་ལྡན་མི་སྣ་ཁག་གཅིག་ལ་དུས་ཡུན་རིང་པོར་རྒྱབ་སྐྱོར་བརྟན་པོ་བྱེད་དགོས། མཚན་ཉིད་རིག་པ་མཁས་ཅན་དང་། སྤྱི་ཚོགས་ཀྱི་ཚན་རིག་མཁས་ཅན། རྩོམ་རིག་སྒྱུ་རྩལ་མཁས་ཅན་སོགས་ཕྱོགས་གང་ཅིའི་ཐད་ཀྱི་ཤེས་ལྡན་མི་སྣ་འབོར་ཆེན་གསོ་སྐྱོང་དང་སྐྱེད་སྲིང་བྱེད་དགོས། ཤེས་ལྡན་མི་སྣའི་རྒྱལ་སྤྱིའི་སྤེལ་རེས་ལ་ཤུགས་སྣོན་རྒྱག་དགོས། ཤེས་ལྡན་མི་སྣ་སྣ་ཚོགས་བཀོལ་སྤྱོད་གང་ལེགས་དང་བཀོལ་སྤྱོད་བབ་བསྟུན་བྱེད་པ་དང་། དགོས་མཁོ་ཆེ་ཞིང་ཁ་ཐང་བའི་དམིགས་བསལ་གྱི་ཤེས་ལྡན་མི་སྣར་དམིགས་བསལ་གྱི་སྲིད་ཇུས་ཡོད་པ། གཞན་ལ་འཛོལ་མེད་སྐྱོན་བྲལ་ཡོང་རེ་བྱེད་མི་རུང་བ་དང་། བསླབ་པ་རྒན་གཞོན་དང་ལོ་ན་ཆེ་ཆུང་ལ་ལྟ་མི་རུང་བ། ཚང་མར་ཚད་གཞི་གཅིག་གི་ཐོག་ནས་བསྡུར་ཞིབ་མི་བྱེད་པ་བཅས་ཡོན་ཏན་ལྡན་པའི་ཤེས་ལྡན་མི་སྣར་འཇོན་ཐང་ངོ་མ་འདོན་ས་ཡོད་པ་བྱེད་དགོས། ཡིད་ཆེས་རྨང་གཞིར་བྱས་པའི་ཤེས་ལྡན་མི་སྣ་བཀོལ་སྤྱོད་ཀྱི་ལམ་སྲོལ་བཙུགས་ཏེ། ཕམ་རུང་བ་དང་། ཕམ་པར་གུ་ཡངས་གཏོང་བ། ཚན་རྩལ་སྣེ་ཁྲིད་ཤེས་ལྡན་མི་སྣས་གཙོ་རྐང་བྱ་རྒྱུར་སྐུལ་མ་གཏོང་བ་བཅས་བྱེད་དགོས། རིགས་མི་འདྲ་བའི་ཤེས་ལྡན་མི་སྣར་ལས་སྒྲུབ་ལས་གཏོད་ཀྱི་ལས་སྟེགས་སྐྲུན་པ་དང་ཤེས་བྱ་དང་ལག་རྩལ་སོགས་གསར་གཏོད་ཀྱི་རིན་ཐང་གང་ལེགས་མངོན་པའི་ཡོང་འབབ་བགོ་བཤའི་ལམ་སྲོལ་བཙུགས་ཏེ་བྱ་གཞག་ལ་བརྟེན་ནས་ཤེས་ལྡན་མི་སྣར་སྐུལ་མ་གཏོང་བ་དང་ཤེས་ལྡན་མི་སྣར་བརྟེན་ནས་བྱ་གཞག་གཏོད་ཐུབ་པ་བྱེད་དགོས།
        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཤེས་ལྡན་མི་སྣའི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས་ཤེས་ཡོན་ཅན་གྱི་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བ་དང་། ཤེས་ལྡན་མི་སྣས་རྒྱལ་གཅེས་ཀྱི་བརྩེ་སེམས་ཟབ་མོ་འཆང་བ་དང་། རྒྱལ་ཁབ་ལ་དྲིན་གསོ་བའི་སྙིང་སྟོབས་ལ་ཞུན་བརྡར་གཏོང་བ། རང་འགུལ་ངང་དུས་རབས་ཀྱིས་དཀྲིས་པའི་ལས་འགན་དང་འགན་འཁྲི་ཕྲག་ཏུ་འཁུར་བ་བཅས་ལ་སྐུལ་མ་གཏོང་དགོས། རྒྱ་ཆེའི་ཤེས་ལྡན་མི་སྣས་ཚན་རིག་མཁས་ཅན་རྒན་རབས་ཚོས་མེས་རྒྱལ་སེམས་ལ་བཞག་པ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་ཕུལ་བྱུང་གི་གཤིས་རྒྱུད་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང“རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་བཞག་ནས་རྒྱལ་ཁབ་ཀྱི་ཆེད་དུ་སེམས་ཁྲལ་སེལ་བ་དང་། རྒྱལ་ཁབ་ཀྱི་ཆེད་དུ་དཀའ་གནད་སེལ་བ། རྒྱལ་ཁབ་ཀྱི་ཆེད་དུ་འགན་འཁྲི་གཙང་སྒྲུབ་བཅས་བྱེད་དགོས། ཤེས་ལྡན་མི་སྣར་གཟེངས་བསྟོད་དང་བྱ་དགའ་སྤྲོད་པའི་ལམ་ལུགས་ལེགས་སུ་གཏོང་བ་དང་སྔོན་ཐོན་དཔེ་བཟང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་ཡོངས་སུ་ཤེས་ལྡན་མི་སྣར་བརྩི་འཇོག་བྱེད་པའི་སྲོལ་བཟང་ཆགས་པར་སྐུལ་འདེད་གཏོང་དགོས།
        ཞི་ཅིན་ཕིང་གིས། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཏང་ཨུད་ཀྱི་གཅིག་གྱུར་འགོ་ཁྲིད་འཐུས་ཚང་དུ་གཏོང་བ་དང་། རྩ་འཛུགས་སྡེ་ཚན་གྱིས་སྣེ་འཁྲིད་དེ་སྤྱི་ཡོངས་ལ་དམ་འཛིན་བྱེད་པ། འགན་ནུས་སྡེ་ཚན་གྱིས་རང་འགན་རང་འཁུར་དང་གཞོགས་འདེགས་དམ་ཟབ་བྱེད་པ། སྤྱི་ཚོགས་ཀྱི་སྟོབས་ཤུགས་རྒྱ་ཁྱབ་ངང་ཞུགས་པ་བཅས་ཀྱི་ཤེས་ལྡན་མི་སྣའི་ལས་ཀའི་རྣམ་པ་ཞིག་ཆགས་པར་བྱེད་དགོས། ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་དོན་དངོས་ལ་གཞི་ཚུགས་པ་དང་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ཤེས་ལྡན་མི་སྣས་རྒྱ་ཁྱབ་ངང་བཏོན་པའི་གནད་དོན་དངོས་ཐག་གཅོད་བྱེད་དགོས། ཤེས་ལྡན་མི་སྣ་འཕེལ་རྒྱས་ལ་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་སྟེ་ཤེས་ལྡན་མི་སྣའི་གཏོང་ཆའི་ཕན་འབྲས་ཆེ་རུ་གཏོང་དགོས། རིམ་ཁག་ཏང་ཨུད་ཀྱི་དྲིལ་བསྒྲགས་སྡེ་ཚན་དང་། རིམ་ཁག་སྲིད་གཞུང་གི་སློབ་གསོ་དང་། ཚན་རྩལ། བཟོ་འཕྲིན། བདེ་འཇགས། མི་སྤྱི། རིག་གནས་ཡུལ་སྐོར། གཞུང་རྒྱུ། དངུལ་རྩ། ཕྱི་དོན་སོགས་སྡེ་ཚན་གྱིས་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས་ཤེས་ལྡན་མི་སྣའི་ལས་དོན་གྱི་ལས་འགན་ཁག་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས་ཞེས་བསྟན་གནང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1