ཞི་ཅིན་ཕིང་གིས་རང་བྱུང་ལ་གུས་ཞུམ་བྱེད་དགོས་གསུངས།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-14
ཚེས་12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་ནས་ཁུན་མིང་དུ་འཚོག་བཞིན་པའི《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》ཐེངས་བཅོ་ལྔ་པའི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་གྱི་འགོ་ཁྲིད་པའི་དབུ་ཚོགས་ལ་ཞུགས་པ་དང་འབྲེལ་གཙོ་དོན་གསུང་བཤད་ཀྱང་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། “‘བྱ་དངོས་ཐམས་ཅད་ལ་སོ་སོར་མཐུན་ཆ་ཡོད་པས་སྐྱེས་ཐུབ་པ་དང་། སོ་སོར་བདག་སྐྱོང་འོས་འཚམ་བྱས་པས་འཚར་ལོངས་བྱུང་བ་ཡིན།’ སྐྱེ་དངོས་སྣ་མང་རང་བཞིན་གྱིས་སའི་གོ་ལར་སྐྱེ་སྟོབས་ཀྱིས་ཁེངས་སུ་བཅུག་ཡོད་ལ། མིའི་རིགས་འཚོ་གནས་དང་འཕེལ་རྒྱས་ཡོང་བའི་རྨང་གཞི་ཡང་ཡིན། མིའི་རིགས་ཀྱིས་རང་བྱུང་ཁམས་ལ་མཛའ་མཐུན་གྱིས་སྲུང་སྐྱོང་བྱེད་སྐབས། རང་བྱུང་ཁམས་ཀྱིས་གཏོང་ཕོད་ཀྱིས་དྲིན་གཟོ། མིའི་རིགས་ཀྱིས་རང་བྱུང་ཁམས་ལ་བཙན་ཤེད་ཀྱིས་འཕྲོག་བཅོམ་བྱེད་སྐབས། རང་བྱུང་གིས་ཀྱང་སྙིང་རྗེ་མེད་པའི་ཆད་པ་གཅོད་སྲིད། ང་ཚོས་རང་བྱུང་ཁམས་ལ་གུས་ཤིང་ཞུམ་པའི་བསམ་པ་བཅངས་ནས་རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོང་བཅས་བྱས་ཏེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་སའི་གོ་ལའི་ཁྱིམ་གཞིས་བསྐྲུན་དགོས”ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ཡུན་ནན་གྱི་གླང་ཆེན་བྱང་དུ་བསྐྱོད་པའི་སྐོར་གླེང་ནས་ཀྲུང་གོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་གསུངས།
ཞི་ཅིན་ཕིང་གིས་གསུངས་དོན། “ཀྲུང་གོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཉིན་ཤས་གོང་། ཡུན་ནན་གྱི་གླང་ཆེན་བྱང་དུ་བསྐྱོད་པ་དང་ཕྱིར་ལོག་ལས་ང་ཚོས་ཀྲུང་གོའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ལ་གྲུབ་འབྲས་བླངས་ཡོད་པ་མཐོང་བྱུང་། ཀྲུང་གོས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་བཏང་ནས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ཏེ་མཛེས་སྡུག་ལྡན་པའི་ཀྲུང་གོ་བསྐྲུན་རྒྱུ་ཡིན།”
ཞི་ཅིན་ཕིང་གིས་ཀྲུང་གོས་བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུ་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་ཡིན་གསུངས།
ཞི་ཅིན་ཕིང་གིས་གསུངས་དོན། “ཐཱན་རྩེར་སོན་དང་། ཐཱན་སྙོམ་སྦྱོར་གྱི་དམིགས་ཚད་མངོན་འགྱུར་ཡོང་ཆེད། ཀྲུང་གོས་གཙོ་གནད་ཁྱབ་ཁོངས་དང་ལས་རིགས་ཀྱི་ཐཱན་རྩེར་སོན་ལག་བསྟར་ཇུས་གཞི་དང་འདེགས་སྐྱོར་འགན་ལེན་བྱ་ཐབས་རབ་དང་རིམ་པ་གཅིག་རྗེས་གཉིས་མཐུད་ངང་ཁྱབ་བསྒྲགས་བྱས་ནས་ཐཱན་རྩེར་སོན་དང་། ཐཱན་སྙོམ་སྦྱོར‘1+N’བཅས་ཀྱི་སྲིད་ཇུས་མ་ལག་ཅིག་བསྐྲུན་རྒྱུ་ཡིན། ཀྲུང་གོས་ཐོན་ལས་གྲུབ་ཆ་དང་ནུས་རྒྱུའི་གྲུབ་ཆ་ལེགས་སྒྲིག་ལ་མུ་མཐུད་སྐུལ་འདེད་བཏང་ནས། བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུ་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་བྱེ་ཐང་དང་། གྲམ་ཐང་། ཐང་རྒོད་བཅས་སུ་རླུང་གློག་འོད་ཤུགས་རྟེན་གཞི་ཆེ་གྲས་འཛུགས་སྐྲུན་གྱི་རྣམ་གྲངས་མགྱོགས་མྱུར་འཆར་འགོད་བྱ་རྒྱུ་དང་། ཐེངས་དང་པོའི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ཤོང་ཚད་ཝ་དུང་ཕྱུར་1ཙམ་ཟིན་པའི་རྣམ་གྲངས་ཉེ་དུས་གོ་རིམ་ལྡན་པའི་ངང་ལས་འགོ་འཛུགས་རྒྱུ་རེད”ཅེས་བཤད་པ་རེད།