༄༅།།ཁོའི་མིང་ལ་འབྲོག་བུ་ཟེར།

རྩོམ་པ་པོ། དཔའ་རྩེ་རྒྱལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 10-15


   ཉི་མ་ནུབ་རིར་ཡོལ་ལ་ཉེ་བའི་ཕྱི་དྲོ་ཞིག་ལ་ཁོ་རང་སྐྱིད་ཆུའི་ཁ་རུ་འགྲེང་སྟེ་བསམ་གཞིག་གི་སྣེ་མོ་རྒྱང་རིང་གི་ཕ་ཡུལ་དུ་བསྲིངས། ཕ་ཡུལ་དང་འབྲེལ་བའི་འདས་དོན་རེ་རེ་ཡིད་ཀྱི་གཞི་རུ་གཅིག་རྗེས་གཉིས་མཐུད་ཀྱིས་འཁོར་ཏེ་ཉི་མ་ནུབ་རིར་ཡོལ་བའང་མ་ཚོར། རབ་རིབ་མོག་མོག་གི་སྲོད་ཁའི་སྐྱིད་ཆུ་ནི་སྨྲེང་གཏམ་གང་ཞིག་ངག་ཏུ་གྱེར་བའི་རྒན་མོ་ཞིག་དང་འདྲ་བར་ཚེ་སྲོག་གི་གཟི་མདངས་ཡལ་འདུག སྙིང་ཉེ་བའི་རང་བྱུང་གི་སྣང་ཚུལ་དེ་རིགས་ཀྱིས་སྐྱིད་ཆུའི་ཁ་རུ་ཐོ་ཡོར་བཞིན་འགྲེང་བའི་ཁོ་བོའི་ཡིད་སེམས་བསྒུལ་ཏེ་ལ་མགོའི་ཉི་མ་དང་ལ་སྟེང་གི་གྲིབ་མ་ལྟ་བུའི་རྒྱང་རིང་གི་ཨ་མ་དྲན་དུ་བཅུག སྐབས་དེར་ཚོད་ཚོད་མེད་པར་མིག་ཆུ་རྡོག་པོ་འགའ་རེ་མཁུར་མགོ་བརྒྱུད་ནས་ཁོ་བོའི་བྲང་གཞུང་དུ་ལྷུང་བ་མ་ཟད་འགྱོད་གདུང་གི་དངན་པ་རིང་མོ་ཞིག་ཀྱང་དབང་མེད་དུ་ཤོར། སྐྱོ་གདུང་འདིའི་རིགས་ནི་ཁོ་རང་མདོ་ཁམས་སྨད་ནས་ཡུལ་དབུས་ལྷ་སར་འབྱོར་རྗེས་ཐེངས་དང་པོར་བྱུང་བ་མ་ཡིན་པར་ཏག་ཏག་སྲོད་ཁ་དང་འབྲེལ་བའི་ཁོམ་སྐབས་རེ་རེར་ཁོ་རང་སྐྱིད་ཆུའི་ཁ་རུ་ཁེར་ཧྲེང་ངང་འགྲེང་སྟེ་ནང་སེམས་ཀྱི་དགའ་སྡུག་མཐའ་དག་ལྷ་སའི་སྐྱིད་ཆུར་སྐུར་བཞིན་ཡོད་པ་རེད།  ཁོའི་མིང་ལ་འབྲོག་བུ་རུ་འབོད་ཅིང་ལོ་འགའི་སྔོན་དུ་ནུབ་རྒྱུད་ས་ཁུལ་གྱི་གྲོང་ཁྱེར་རྩེ་གྲ་ཞིག་ནས་སློབ་མཐར་ཕྱིན་རྗེས་ངེས་གཏན་གྱི་ལས་ཀ་ཞིག་མ་རེག་པར་ཕ་ཡུལ་དང་ཁ་ཐག་ཉེ་བའི་ཡུལ་ཚོ་ཞིག་ཏུ་ཚབ་ཁྲིད་དགེ་རྒན་བྱས་ཏེ་ཉི་མ་འཁྱོལ་ཐབས་བྱས་པ་རེད། ཁོ་རང་ན་སོ་ཕྲ་དུས་ནས་བཟུང་རིག་པ་རྣོ་ཞིང་སྦྱངས་འབྲས་ཤིན་ཏུ་བཟང་བས་ནམ་ཞར་ཕྱི་སྡེ་བ་དང་ནང་ཕུ་ནུ་སོགས་ཀྱིས་བསྟོད་བསྔགས་ཆེན་པོ་རྒྱག་པ་རེད། ཡིན་ནའང་སློབ་མཐར་ཕྱིན་རྗེས་སྤྱི་ཚོགས་ཀྱི་སྡིངས་ཀ་རུ་ཕུགས་འདུན་མངོན་འགྱུར་བྱེད་མ་ནུས་པ་དེས་སློབ་ཆེན་སྐབས་ཀྱི་ང་རྒྱལ་དང་བློ་སྤོབས་དེ་རིགས་ལ་ཞེ་སྨྲེང་བའི་འགྲམ་ལྕག་ཚ་བོ་ཞིག་གཞུས་པས་ཁོས་ཁ་རོག་གེར་རང་ཉིད་ལ་ལེ་བདའ་དང་འཁང་རའང་མང་དུ་བྱས་མྱོང་། རིམ་གཞིན་ཉེ་རྒྱང་གི་མི་ཚོགས་ཀྱིས་འབྲོག་བུར་བཟུང་བའི་ལྟ་ཚུལ་ཡང་རྦད་དེ་འགྱུར་སོང་བར་མ་ཟད།རྣ་བར་གཟན་པའི་འདྲ་མིན་གྱི་སྐད་ཆ་དེ་རིགས་ལའང་གཤོག་པ་ཐོགས་ཏེ་བསམ་གཟས་པ་བཞིན་དུ་ཁོའི་རྣ་བར་བརྒྱུད།དྲང་མོར་བཤད་ན་ད་སྐབས་ལོ་རེ་རེར་མཐར་ཕྱིན་སློབ་མ་ནི་གྲོག་ཚང་གི་ཁ་ཕྱེ་པ་བཞིན་དུ་སྤྱི་ཚོགས་ཀྱི་ལས་གནས་སོ་སོ་རུ་འཚང་ཁ་ཤིག་ཤིག་བྱེད་ཀྱིན་ཡོད་པས་ངེས་གཏན་གྱི་ལས་ཀ་ཞིག་རེག་རྒྱུ་ཕར་ཞོག ཐ་ན་འབྲོག་བུ་དང་འདྲ་བར་ཚབ་ཁྲིད་དགེ་རྒན་ཞིག་བྱ་རྒྱུ་དེའང་ལས་སླ་མོ་ཞིག་མ་ཡིན་ཏེ། སློབ་གཙོ་དང་འབྲེལ་བའི་མགོ་ཁྲིད་གང་རུང་ལ་ཕོག་ཐུག་ཨེན་ཙམ་རེ་བཟོས་ཚེ་ཁྱོད་རང་ལས་གནས་ལས་རྒྱང་ཕུད་གཏོང་བ་སོགས་ཀྱི་ཉེན་ཁ་ཆེན་པོ་ཡོད་པས་ནམ་ཡང་རང་ཁ་གསེར་གྱི་སྒོ་མོ་ལ་བདག་པོ་ཡག་པོ་རྒྱག་དགོས་པ་རེད། ཡིན་ནའང་འབྲོག་བུ་ནི་མ་གཞི་ནས་རང་གཤིས་གྱོང་ཞིང་སྒེར་གྱི་ལྟ་ཚུལ་ཚད་མར་འཛིན་མཁན་ཞིག་ཡིན་པར་མ་ཟད་གཞན་གྱི་སྐྱོན་དང་ནོར་འཁྲུལ་ལ་ཐད་ཀར་དགག་པ་གཏོང་བར་གོམས་པའི་སྒེར་གཤིས་ཅན་ཞིག་ཀྱང་ཡིན་པས།སློབ་མའི་སྐབས་སུའང་དགེ་རྒན་འགའ་རེ་ལ་རྩོད་པ་བྱུང་བ་དང་མཐར་ལུང་དང་རིགས་པ་མཉམ་སྦྲེལ་གྱིས་རང་ཉིད་ཀྱི་ལྟ་ཚུལ་ལ་དྲི་མ་མེད་པ་བདེན་དཔང་ཡང་བྱས་མྱོང་ཡོད།སློབ་ཆེན་གྱི་སྐབས་དེར་ཁོ་རང་ཤར་ནུབ་གཉིས་ཀྱི་རྩོམ་རིག་བརྩམས་ཆོས་གྲགས་ཅན་མང་པོ་དང་མཇལ་བར་མ་ཟད། དེ་དག་གི་ཤུགས་རྐྱེན་གང་རུང་གིས་རང་ཉིད་ཀྱང་རྩོམ་པ་པོ་ཞིག་བཅའ་དགོས་པའི་ཕུགས་འདུན་ཡང་ཡོད་མྱོང་ལ།སྐབས་དེར་ཁོས་གསར་རྩོམ་བྱས་པའི་བརྩམས་ཆོས་རེ་འགའ་ཞིང་ཆེན་ཕྱི་ནང་གི་དུས་དེབ་འགའི་སྟེང་དུ་བཀོད་པར་མ་ཟད་རིམ་པ་མི་འདྲ་བའི་བྱ་དགའ་རེ་ཟུང་ཡང་ཐོབ་མྱོང་། ད་སྐབས་ཀྱང་ཁོའི་ལག་ཏུ་རྒྱུན་པར《ནོར་ཝེ་ནགས་ཚལ》དང《ལོ་བརྒྱའི་ཁེར་ཧྲེང》ལྟ་བུའི་བརྩམས་ཆོས་གྲགས་ཅན་རེ་འགའ་བཟུང་ཡོད།ཁོ་རང་སྡོད་སའི་སློབ་གྲྭ་འདི་གའི་དགེ་རྒན་མང་ཤས་ནི་རྒན་པ་ཡིན་ཞིང་གཞོན་པ་འགའ་རེ་ཡོད་པའང་ཁོ་དང་མི་འདྲ་བར་ལས་ཞུགས་རྒྱུགས་གཞི་ལས་ཕུལ་བྱུང་འབྲས་བུ་བླངས་ཏེ་ལས་ཞུགས་བྱས་པ་ཤ་སྟག་ཡིན་པས་ལས་གནས་གཏན་ཞིང་ཡོང་འབབ་ཀྱང་ཁོ་ལས་ལྡབ་འགྱུར་གྱིས་མཐོ་མོད།ཡིན་ནའང་སློབ་ཁྲིད་ལས་གཞན་པའི་དཔེ་ཀློག་གནང་མཁན་གྱི་དགེ་རྒན་ནི་རི་བོང་གི་རྭ་དང་རུས་སྦལ་གྱི་སྤུ་བཞིན་ཧ་ཅང་དཀོན་པས་སློབ་གསོའི་འཕེལ་རྒྱས་ལ་བློ་དཀར་མཁན་ཞིག་ཡིན་ཚེ་ཧ་ཅང་ཡིད་སྐྱོ་དགོས་པ་ཞིག་རེད་ལ།ད་དུང་སློབ་ཁྲིད་བྱེད་རྒྱུར་སུན་པོ་བྱེད་མཁན་དང་འགན་ཁུར་འགྲུབ་ཐབས་བྱེད་མཁན་གྱི་དགེ་རྒན་ཡང་མང་པོ་ཡོད་པ་རེད།འདི་ལྟར་འཇིག་རྟེན་གྱི་འགྲོ་ལུགས་མང་པོ་ཞིག་ནི་མི་ཆོས་དང་ལྷ་ཆོས་ཀྱིས་འགྲེལ་བར་དཀའ་བའི་ལུགས་ཀྱིས་ཁྱོད་ཀྱི་ཉེ་གམ་ན་རྒྱུན་ལྡན་གྱི་སྣང་ཚུལ་གྱིས་འཁོར་བཞིན་ཡོད་མོད།དེ་ལ་བླང་དོར་རུང་བའི་གདམས་ངག་གནང་བ་ནི་སྤྱང་ཀིའི་རྣ་རུ་ཆོས་བཤད་ལས་མ་འདས་པས་རང་སོར་འཇོག་རྒྱུ་ལས་འོས་མེད་དོ། །

འབྲོག་བུ་ཡུལ་ཚོ་འདིར་སླེབས་ནས་ཏག་ཏག་ཟླ་གཉིས་ཙམ་འགོར་མ་འགོར་གྱི་སྐབས་ཤིག་ལ་རྫོང་ཡོངས་ཀྱི་སྐད་ཡིག་སློབ་ཁྲིད་ཀྱི་སྤུས་ཀ་མཐོར་འདེགས་གཏོང་བར་དམིགས་ནས་སློབ་གྲྭ་རེ་ནས་ཚབ་བྱེད་དགེ་རྒན་གཅིག་རེ་རྫོང་རིམ་པའི་སློབ་ཁྲིད་འགྲན་སྡུར་ལ་ཞུགས་དགོས་པའི་བརྡ་འབྱོར་མོད། ཁོ་རང་སྡོད་སའི་སློབ་གྲྭ་འདི་རུ་དེར་ཞུགས་མཁན་གྱི་དགེ་རྒན་གཅིག་ཀྱང་མ་བྱུང་བར་མ་ཟད་སློབ་ཁྲིད་དེར་ཧ་ཅང་སུན་པོའི་རྣམ་འགྱུར་སྟོན་མཁན་གྱི་དགེ་རྒན་འགའ་རེའང་ཡོད་པ་རེད།དེ་ལྟར་སློབ་གྲྭའི་བཀོད་སྒྲིག་ལྟར་དུ་ཚབ་ཁྲིད་དུ་ཡོང་བའི་འབྲོག་བུ་ལགས་ཐེངས་འདིའི་བྱ་འགུལ་དུ་ཞུགས་དགོས་པའི་ཡིག་ཆ་བསྒྲགས་པས་ཁོ་རང་དེར་མི་ཞུགས་ཐུ་མེད་ཀྱི་གནས་སུ་གྱུར། ཉི་མ་རེ་རེ་ནི་ང་ཚོའི་སྒྱིད་ལུག་དང་འདུ་འབྲལ་གྱི་བར་གསེང་དུ་ཤོར་ནས་འགྲོ་བཞིན་པ་ལྟར། ཉིན་དེའི་ཞོགས་པའི་དུས་སུ་སློབ་གཙོ་དང་འབྲེལ་ཡོད་མགོ་ཁྲིད་འགའ་དང་ལྷན་དུ་འབྲོག་བུ་རྫོང་རིམ་པའི་སློབ་ཁྲིད་འགྲན་སྡུར་དུ་སོང་བ་རེད།ལམ་དུ་སློབ་གཙོ་བརྩེ་དགའ་ལགས་ཀྱིས་ཧ་ཅང་གཟབ་ནན་དང་བཅས་འབྲོག་བུ་ལ་རང་རེའི་སློབ་གྲྭའི་ཆེད་དུ་སློབ་ཁྲིད་ལེགས་པོ་བྱེད་དགོས་ཚུལ་དང་འདི་ནི་ཁྱོད་ལ་ཆེད་དུ་སྤྲད་པའི་གོ་སྐབས་ཡག་པོ་ཞིག་ཡིན་ཚུལ་སོགས་ཀྱི་ཁ་ཡག་མང་པོ་ཞིག་བཤད་པར་མ་ཟད།ཞོར་དུ་སློབ་ཁྲིད་དང་འབྲེལ་མེད་ཀྱི་སྐད་ཆ་མང་པོ་ལབ་མི་རུང་བའི་སློབ་གསོ་ལྟ་བུ་ཞིག་ཀྱང་བྱས་པ་རེད།ཡིན་ནའང་འབྲོག་བུའི་ཁ་ནི་སློབ་གཙོའི་ཁ་ཡག་ཙམ་གྱིས་འགོག་ཐུབ་པ་ཞིག་ག་ལ་ཡིན་ཏེ།འབྲོག་བུའི་སེམས་སུ་ཐེངས་འདིའི་གོ་སྐབས་བརྒྱུད་ནས་རང་ཉིད་སྡོད་སའི་སློབ་གྲྭ་དེ་གའི་ཡ་ང་བའི་སློབ་གསོའི་གནས་བབ་ཀྱིས་ཐག་ཉེ་རིང་གི་སློབ་གསོ་ལ་བློ་དཀར་བའི་མི་དག་ལ་ཆེད་དུ་སྐུལ་མ་ཞིག་གཏོང་དགོས་པར་སྙམ།སྔ་དྲོའི་ཆུ་ཚོད་བཅུ་ཡས་མས་ཀྱི་སྐབས་སུ་སློབ་གཙོ་བརྩེ་དགའ་དང་འབྲོག་བུ་སོགས་ས་གནས་སོ་སོ་ནས་ཕེབས་པའི་འཐུས་ཚབ་མི་སྣ་མཐའ་དག་རྫོང་སློབ་གསོ་ཅུས་ཀྱི་ཚོམས་ཆེན་དུ་འཛོམས་ཤིང་ཧ་ཅང་གཟབ་རྒྱས་ལྡན་པའི་ངང་ཐེངས་འདིའི་སློབ་ཁྲིད་འགྲན་སྡུར་གྱི་མགོ་བརྩམས་པ་རེད། ཐོག་མར་རྫོང་སློབ་གསོ་ཅུས་ཀྱི་ཅུས་ཀྲང་ཡིན་པར་བཤད་པའི་ལུས་པོ་ཚོ་ཞིང་སྒྲོ་བ་དང་འདྲ་ལ་རིག་ཚོད་ཀྱིས་ཁོའི་ལྟོ་བ་ཁོ་ནའང་རྐང་པ་གཉིས་ཀྱིས་ཐེག་མི་ནུས་པ་ལྟ་བུ་ཞིག་གིས་ཐེངས་འདིའི་སློབ་ཁྲིད་དང་འབྲེལ་བའི་གཏམ་བཤད་ཉོག་རིང་ཞིག་བྱས་རྗེས་སློབ་ཁྲིད་འགྲན་བསྡུར་གྱི་མགོ་བརྩམས་པ་རེད།སློབ་གྲྭ་སོ་སོའི་འཐུས་ཚབ་དགེ་རྒན་སོ་སོས་སློབ་ཁྲིད་བྱས་ཏེ་འབྲོག་བུའི་སྐབས་སུ་ཐོན་རྗེས་ཁོས་ཐོག་མར་ཁྲིད་སྟེགས་ལས་ཧ་ཅང་གུས་ལུགས་དང་བཅས་ཚོགས་ཞུགས་མི་སྣ་ཡོངས་ལ་འཚམས་འདྲི་བྱས་ཤིང་དེ་ནས་བསླབ་གཞི་ལས་ཅུང་ནོར་སླ་བ་དང་དཀའ་གནད་ཅན་གྱི་བརྡ་སྤྲོད་ཀྱི་གནད་འགའ་ཕྱོགས་གཅིག་ཏུ་བསྡུས་ཏེ་བོད་ཀྱི་སྲོལ་རྒྱུན་བརྡ་སྤྲོད་དང་དེང་རབས་སྐད་བརྡ་རིག་པའི་གཞུང་ལུགས་མཉམ་སྦྲེལ་གྱིས་ཧ་ཅང་སྟབས་བདེ་ལ་དགོས་གལ་ཆེ་བའི་སློབ་ཁྲིད་ཐུང་ཐུང་ཞིག་བྱས་པས་དེར་ཡོད་ཀྱི་མགོ་ཁྲིད་དང་དགེ་རྒན་མང་པོ་ཞིག་ལ་མིག་རྒྱ་ཆེན་པོ་བསྐྱེད་སོང་།དེར་མ་ཟད་ཁོས་གཞན་དང་མི་འདྲ་བའི་སྒོ་ནས་སློབ་ཁྲིད་ཀྱི་ཤུལ་དུ་ལུས་པའི་སྐར་མ་འགའ་བཀོལ་ཏེ་ཆེད་དུ་སློབ་གསོའི་གནད་དོན་དང་འབྲེལ་བའི་སྐད་ཆ་འགའ་རེ་བཤད་སོང་། 

ཁོས་བློ་སྤོབས་དང་ཕངས་སེམས་ཀྱི་སྒོ་ནས་བཤད་རྒྱུར།དེང་སྐབས་སློབ་གྲྭ་དང་རིག་གནས་ཀྱི་ལས་ཁུངས་སོ་སོའི་མི་སྣ་འགའ་ཤས་ལ་ཡོང་འབབ་ལས་དཔེ་ཀློག་མི་དགོས་པའི་ཚུལ་དང་བྱེད་སྟངས་དེ་ནི་སློབ་གསོ་འཕེལ་རྒྱས་ཀྱི་བཀག་རྒྱ་ཡིན་ཚུལ་སོགས་ལབ་པར་མ་ཟད་དཔེར་མཚོན་དུ་རང་ཉིད་སྡོད་སའི་སློབ་གྲྭ་དེ་ཉིད་བཀོད་པ་རེད། ལྷག་པར་སློབ་གྲྭ་དེ་གའི་མགོ་ཁྲིད་དང་དགེ་རྒན་མང་པོ་ཞིག་གི་ངན་མཚང་སྦ་གསང་མེད་པའི་སྒོ་ནས་བཤད་པས་སློབ་གཙོ་བརྩེ་དགའ་སོགས་མགོ་ཁྲིད་དག་ལ་སྨྲ་བ་མེད་པར་གྱུར། འབྲོག་བུའི་སྐད་ཆ་དེས་སློབ་གཙོ་དང་འབྲེལ་ཡོད་མགོ་ཁྲིད་མང་པོ་ཞིག་ལ་ཐད་ཀར་ཕོག་ཐུག་ཆེན་པོ་བཟོས་མོད། ཡིན་ནའང་སློབ་ཁྲིད་མཇུག་བསྒྲིལ་རྗེས་སློབ་གཙོ་དང་འབྲེལ་ཡོད་མགོ་ཁྲིད་དག་ནི་དེ་ལས་ལྡོག་སྟེ་འབྲོག་བུ་ལ་སྔར་ལས་ལྷག་པའི་འདང་བརྩེ་ལྷག་མ་ཞིག་ཡོད་ཚུལ་གྱིས་དེ་རིང་ཁྱོད་ཀྱིས་ཡག་པོ་བཤད་ཚུལ་དང་སློབ་གསོའི་འཕེལ་རྒྱས་ལ་ཕན་པ་ཆེན་པོ་ཡོད་ཚུལ་སོགས་ཀྱི་ཆེ་བརྗོད་ཀྱི་སྐད་ཆ་མང་པོ་ཞིག་བཤད་པར་མ་ཟད། སློབ་གཙོ་བརྩེ་དགའ་ལགས་ནས་ཧ་ཅང་གཟབ་ནན་ངང་ད་ནི་ཉི་མའང་ནུབ་རིར་ཡོལ་ལ་ཉེ་བས་ཕྱིར་འགྲོ་རྒྱུ་ཁག་པོ་འདུག དེ་བས་དོ་ནུབ་རྫོང་ཐོག་ནས་མཉམ་དུ་སྐྱིད་པོ་ཞིག་བཅའ་དང་ངས་ཚང་མར་མགྲོན་བྱེད་ཟེར་བཞིན་མཉམ་དུ་སྐུ་མཁར་སྨུག་པོ་གསོལ་མགྲོན་ཁང་ཞེས་པའི་ཟ་ཁང་དང་མགྲོན་ཁང་མཉམ་དུ་ཡོད་པའི་གསོལ་མགྲོན་ཁང་ཞིག་ཏུ་ཁྲིད།ཚོམས་ཆེན་དུ་ཐོན་རྗེས་ཞབས་ཞུ་མ་ཞིག་གིས་ཧ་ཅང་གུས་ལུགས་ཡོད་པའི་སྒོ་ནས “སྦྱིན་བདག་ལགས། ཉིད་ཀྱི་བཀོད་སྒྲིག་ལྟར་དུ་ཡོད་ཚད་གྲ་སྒྲིག་བྱས་ཡོད”ཅེས་སྨྲ་བཞིན་དུ་ཁོ་ཚོའི་སྔུན་ཁྲིད་དེ་ཁང་པ་ཆུང་བ་དཀྱིལ་དུ་སྒྲོག་ཙེ་སྒོར་སྒོར་བཅོ་ལྔའི་ཟླ་བ་འདྲ་བ་ཞིག་གི་སྟེང་དུ་སྔོ་ཚལ་བརྔོས་མ་སྣ་ཚོགས་དང་པེ་ཝེ་དང་མའོ་ཐེ་རྟགས་ཅན་གྱི་ཆང་རིགས་ཀྱང་མང་དུ་བསྒྲིགས་ཡོད་པ་ཞིག་གི་མཐའ་རུ་ཁྲིད་རྗེས་ཅུང་གསལ་ཆ་ཡོད་པའི་རྣམ་འགྱུར་གྱིས་སློབ་གཙོ་བརྩེ་དགའ་ལགས་ལ“སྦྱིན་བདག་ལགས། དོན་དག་གཞན་ཡོད་དམ”ཞེས་དྲིས་བྱུང་། སྐབས་དེར་སློབ་གཙོ་བརྩེ་དགའ་ཡིས་ཞབས་ཞུ་མ་དེའི་གདོང་ལ་ཅེར་ནས་གཡོ་འཛུམ་ཞིག་དང་ལྷན་དུ “སྐབས་སུ་དོན་དག་ཅང་མེད”ཅེས་ཟེར་ཞོར་དུ་ཁོའི་མཐའ་འཁོར་གྱི་མི་དག་ལ“ཙོག་ཙོག”ཟེར་བཞིན།ཁོ་རང་བདེ་བར་ཙོག་པ་ན་གཞན་དག་ཀྱང་དེ་བཞིན་དུ་རང་རང་གི་དྲང་ཐད་ཀྱི་རྐུབ་སྟེགས་སོ་སོའི་སྟེང་དུ་ཧ་ཅང་ལྷོད་ལ་བབས་ཏེ་བསྡད་པ་རེད།དེ་ལས་འབྲོག་བུར་མཚོན་ན་སློབ་གྲོགས་དང་ཡུལ་གྲོགས་སོགས་མཉམ་འཛོམས་མང་པོར་ཞུགས་མྱོང་ཡོད་མོད་དེ་ལས་འདི་ལྟ་བུའི་གཟབ་རྒྱས་ལྡན་པའི་གསོལ་མགྲོན་ཁང་ཞིག་ལ་དངོས་སུ་ཞུགས་མྱོང་མེད་པས་ཅུང་མཚར་སྣང་བྱུང་།ཁོ་ཚོས་རང་རང་སྔུན་གྱི་ཐུར་མ་བཟུང་སྟེ་ཟས་ཀྱི་བཅུད་ལ་རོལ་མགོ་བརྩམས་མ་ཐག་ཏུ་ཁོ་ཚོ་སྡོད་སའི་ཁང་པ་དེའི་སྒོ་བརྡུངས་བྱུང་།ཀུན་གྱིས་ཅི་ཡིན་ཆ་མ་འཚལ་བ་ལྟར་ལུས་དུས་སློབ་གཙོ་བརྩེ་དགའ་ལགས་ཀྱིས་སྐད་གསང་འཇམ་པོས“ནང་དུ་ཤོག”ཅེས་རང་ཉིད་ཀྱི་ངོ་ཤེས་རྙིང་པ་ཞིག་སླེབས་པ་ལྟར་དུ་བཤད་མ་ཐག་ཏུ་སྒོ་ཕྱེ་ནས་ནང་དུ་ཡོང་མཁན་ནི་ན་སོ་ཕྲ་བའི་བུ་མོ་འགའ་ཡིན་འདུག དེ་ལས་ཀྱང་ཡ་མཚན་ཞིག་ནི་དེ་དག་གི་ཁྲོད་དུ་འབྲོག་བུ་དང་སྡེ་བ་གཅིག་པའི་སྡེ་དཔོན་གྱི་བུ་མོ་མེ་ཏོག་སྐྱིད་ཀྱང་འདུག གོ་ཐོས་སུ་མེ་ཏོག་སྐྱིད་ནི་སྡེ་དཔོན་གྱིས་འབྲེལ་བ་བརྒྱུད་དེ་སྲིད་གཞུང་གི་ནང་དུ་ལས་ཞུགས་བྱས་ཡོད་པར་བཤད་མོད།དེ་ཡང་སྡེ་བའི་ནང་གི་རྐྱལ་སྟོང་དག་གིས་བཤད་པ་ལྟར་ན་ཁོ་མོ་རྫོང་ཐོག་ཏུ་ཆང་ཁང་ཉུལ་ནས་ཡོད་པར་ཡང་བཤད།སྐབས་དེར་སློབ་གཙོ་བརྩེ་དགའ་ལགས་ཀྱིས་སྒྲོག་ཙེ་མཐའ་རུ་ཁ་རོག་གེར་ལུས་པའི་མི་དག་ལས་འབྲོག་བུ་ལ་གསལ་འདེབས་ཤིག་གི་ཚུལ་གྱིས“ཞི་མོ་མཛེས་མ་རྨ་བྱ་འདྲ་བ་འདི་མི་ཤེས་སམ······ཁྱོད་གཉིས་སྡེ་བ་གཅིག་གི་རེད་ཡ······ཁོ་མོ་ད་དུང་སྡེ་དཔོན་གྱི་བུ་མོ་རེད། གལ་སྲིད་ཁོ་མོ་བཟི་སོང་ན་བདག་བྱེད་རྒྱུ་མ་བརྗེད་རོགས”ཞེས་པའི་གོ་རིམ་དང་འབྲེལ་བ་མེད་པ་ལྟ་བུའི་སྐད་ཆ་ཞིག་བཤད་སོང་། བར་སྐབས་དེར་ཁོ་ཚོས་ཡར་མར་གྱི་ཉ་ཉོག་སྣ་ཚོགས་ལབ་ཞོར་ཟས་ལ་རོལ་སྐབས་གློ་བུར་སློབ་གཙོ་བརྩེ་དགའ་ལགས་ཀྱིས་གཏིང་བརྗེད་དུ་གྱུར་པའི་འདས་དོན་གང་ཞིག་ཡིད་ལ་འཁོར་བ་དང་འདྲ་བར“དེ་རིང་འབྲོག་བུ་ལགས་ལ་ཆང་འདྲེན་དགོས། ཁོས་ཡག་པོ་བཤད་སོང······ཧ་ཧ་ཧ་ཧ……”ཞེས་ཅུང་གཡོ་སྒྱུ་དང་ལྷན་དུ་ཆང་ཕོར་ཡར་བཏེགས་ཏེ་མཉམ་དུ་ཞབས་བཏགས་ཞེས་པས་དེར་ཡོད་ཀྱི་ཕོ་མོ་ཚང་མས་ཆང་ཕོར་མགོར་གཡོན། མཚན་མོ་དེར་སློབ་གཙོ་བརྩེ་དགའ་ལགས་ཀྱིས་འབྲོག་བུ་ལ་དམིགས་བསལ་གྱིས་ཆང་མང་དུ་དྲངས་པར་མ་ཟད་ཡར་མར་གྱི་ཁ་ཡག་ཀྱང་མང་དུ་བཤད། དེ་ལྟར་ནམ་ཕྱེད་ཡོལ་ཙམ་ལ་ཚང་མ་བཟི་དྲགས་པས་འུར་ཆེ་རུ་འགྲོ་བཞིན་འདུག་ཅིང་འབྲོག་བུའང་བཟི་ནས་མིག་མདུན་གྱི་ཡོད་ཚད་རབ་རིབ་མོག་མོག་ཏུ་སྣང་བ་ལྟ་བུ་ཞིག་ཏུ་གྱུར། སྐབས་དེར་མེ་ཏོག་སྐྱིད་སུ་ཞིག་གི་བཀོད་སྒྲིག་བྱས་པ་ལྟར་འབྲོག་བུའི་གམ་དུ་འབྱོར་ཏེ་ངག་ལྡབ་ལྡིབ་ཀྱིས “ལོ་ཞང······ང་བཟི་འདུག”ཅེས་རྒྱ་སྐད་འདྲེས་མའི་སྐད་ཆ་དེ་འདྲ་ཞིག་ལབ་ཞོར་མགོ་བོ་འབྲོག་བུའི་ཕྲག་པར་བསྙེས་ཏེ་ངག་འཇམ་པོས“ཁྱོད་ཀྱི་སར་ཉལ་ས་སྟོང་བ་ཡོད་དམ།ང་རང་བཟི་དྲགས་ནས་ཁྱིམ་དུ་ལོག་དཀའ”ཞེས་བཟི་གཏམ་མང་དུ་ལབ་པས་བཟི་ནས་ཁ་ཡང་གྲག་མི་ཐུབ་པའི་འབྲོག་བུས་མགོ་ནང་དུ་སྒུར་ཙམ་གྱིས་ཡོད་པའི་རྣམ་འགྱུར་ཞིག་བསྟན།སྐབས་དེར་སློབ་གཙོ་སོགས་དེར་ཡོད་ཀྱི་མི་དག་ཀྱང་རང་རང་སར་ཉལ་དུ་སོང་འདུག་པས་འབྲོག་བུ་དང་མེ་ཏོག་སྐྱིད་གཉིས་ཀྱང་ར་བཟི་ནས་ངོ་ཤེས་རྙིང་པ་ཞིག་དང་འདྲ་བར་ཁྱར་ཁྱོར་ངང་འབྲོག་བུའི་མལ་ཁང་གི་ནང་དུ་འཛུལ།སྐབས་དེར་ཁ་གཏད་ཀྱི་ཁང་པའི་སྒོ་སྲུབས་ན་ལྐོག་ལྟ་བྱེད་ཀྱིན་པའི་སློབ་གཙོ་བརྩེ་དགའ་ལགས་ཀྱིས་དོན་ཆེན་གང་ཞིག་འགྲུབ་སོང་བ་ལྟར་དུ་ང་རྒྱལ་དང་གཡོ་འཛུམ་སྐྱུག་མེར་བ་ཞིག་མངོན་བཞིན་ཁང་པའི་སྒོ་ཁྲོག་གེར་བརྒྱབ།མལ་ཁྲི་གཉིས་ཅན་གྱི་མགྲོན་ཁང་དེ་ནི་ཧ་ཅང་གཙང་ཞིང་དྲོད་ཁོལ་འཛོམས་པ་ཞིག་ཡིན་མོད།འབྲོག་བུ་བཟི་དྲགས་པས་ལྷམ་ཡང་གྱོན་ཏེ་སྒྱིད་ལུག་གི་ལུས་པོ་མལ་ཁྲིའི་སྟེང་དུ་ཁ་སྦུབས་སུ་འཕངས་ཏེ་སྡོད་སྐབས་གམ་གྱི་མེ་ཏོག་སྐྱིད་ཀྱིས་གཉིད་ལྭ་སྲབ་མོ་དཀར་པོ་ཞིག་གྱོན་ཏེ་ཉལ་འཆར་བྱེད་ཀྱིན་པ་ར་བཟི་ཡོད་པའི་འབྲོག་བུའི་མིག་ཏུ་བརྒྱུད་ཅིང་ཁོ་མོའི་ནུ་འབུར་ཟུང་གི་འདར་འགུལ་དང་གཉིད་ལྭའི་བར་ནས་ལན་རེར་ཕྱི་རུ་མངོན་ཡོང་བའི་ལ་ཕུག་ཞིག་དང་འདྲ་བའི་དཀར་འཇམ་གྱི་བརླ་ཤ་སོགས་ཀྱིས་འབྲོག་བུའི་རབ་རིབ་ཀྱི་མིག་མདངས་ཀྱང་ཇེ་གསལ་དུ་བཏང་།མེ་ཏོག་སྐྱིད་ནི་བཟི་མེད་ཀྱང་སྲིད་དེ་རང་གི་ཉལ་སའི་ནང་དུ་འཛུལ་ཁར་འབྲོག་བུའི་མིག་མདུན་ནས་གཉིད་ལྭ་དེའང་ཕར་གཡུགས་ཏེ་དཀར་སེང་ངེར་ཉལ་སའི་ནང་དུ་འཛུལ་ཞིང་ཞོར་དུ་འབྲོག་བུ་ལ“གྲང་ན་ངའི་རུམ་དུ་ཤོག་དང་ཤ་དྲོད་ཡོད་ཡ”ཟེར་བའི་ཧ་ཅང་བསླུ་བྲིད་ཅན་གྱི་སྐད་ཆ་དེ་འདྲ་ཞིག་བཤད་པས་ཆང་དང་འདོད་ཆགས་གཉིས་ཀྱི་བསླུ་བྲིད་ལས་འབྲོག་བུ་ནི་རྟོད་ཐག་ལས་ཤོར་བའི་རྟ་རྒོད་ཅིག་དང་འདྲ་བར་མེ་ཏོག་སྐྱིད་ཀྱི་རུམ་དུ་སྦྲུལ་ཆེན་ཁུང་དུ་འཛུལ་བ་བཞིན་དུ་འཛུལ་ཞིང་མཐར་རང་གི་སྦྲུལ་ཕྲུག་ཀྱང་ཁོ་མོའི་སྦྲུལ་ཁུང་གི་ནང་དུ་འཛུལ་དུ་བཅུག དེ་ལྟར་མཚན་མོ་དེར་ཁོ་གཉིས་ཀྱིས་བཟི་གཏམ་ལབ་ཞོར་འཇིག་རྟེན་མཐུན་འཇུག་གི་ལས་ལ་མང་དུ་རོལ།བློ་ཡིད་དུ་མ་ཤར་བ་ཞིག་ལ་ནམ་གསལ་དུས་འབྲོག་བུ་གཉིད་ལས་བསླངས་མཁན་ནི་མེ་ཏོག་སྐྱིད་ཀྱི་ངུ་སྐད་ཡིན་པ་རེད། ཁོས་གཉིད་མ་སད་ཀྱིས་མགོ་དགྱེ་ནས་ལྟ་དུས་མཐའ་འཁོར་དུ་སློབ་གཙོ་དང་འབྲེལ་བའི་མགོ་ཁྲིད་འགའ་ཡང་ཐོན་འདུག མེ་ཏོག་སྐྱིད་ཀྱིས་ངུ་ཤོམ་བྱེད་ཀྱིན་ཁྲེལ་མེད་འདིས་མོར་བཙན་པོ་བྱས་ཚུལ་སོགས་སྡིགས་གཏམ་བཤད་ཀྱིན་འདུག་པས། འབྲོག་བུ་སྐྲག་མ་སད་ཀྱིས་ཉལ་སའི་ནང་འགྲེ་ལྡོག་ཅིག་བརྒྱབ་སྟེ་ཡར་ལངས་པས་རང་ཉིད་གཅེར་བུ་ཡིན་པའང་བརྗེད་འདུག སྐབས་དེར་སློབ་གཙོ་བརྩེ་དགའ་ཡིས་འབྲོག་བུའི་རྣམ་པ་དེར་ཁྲེལ་དགོད་ཅིག་བྱས་རྗེས“ད་ནི་དོན་དག་བྱུང་ཚར་བ་རེད། ངོ་མ་བྱ་གཙོག་རེད་ཡ”ཟེར་ཞོར་དུ་སྔ་དྲོ་རིང་མོ་ཞིག་ལ་གྲོས་མོལ་བྱས་མཐར་འབྲོག་བུ་ལས་གནས་ལས་ཕྱིར་ཕུད་བྱེད་རྒྱུ་དང་ཟླ་དེ་ཚོའི་ཡོང་འབབ་ཀྱང་མེ་ཏོག་སྐྱིད་ལ་ཁ་གསབ་ཏུ་སྤྲོད་རྒྱུ་བྱས་པར་མ་ཟད།སློབ་གཙོ་བརྩེ་དགའ་ལགས་ཀྱི་བཀའ་ལྟར་དོན་དེ་ནང་ཁུལ་ནས་སྦ་གསང་བྱ་རྒྱུ་སོགས་གཏན་འཁེལ་བྱས་རྗེས་དེར་ཡོད་ཀྱི་མི་དག་གིས་སོ་སོར་སྐད་ཆ་ཤབ་ཤུབ་རེ་བཤད་ཞོར་རང་རང་གི་གནས་སུ་སོང་ཚར། སྐབས་དེར་མེ་ཏོག་སྐྱིད་ཀྱིས་ཀྱང་འགན་ཁུར་ཅི་ཞིག་འགྲུབ་སོང་བ་ལྟར་དུ་ཧ་ཅང་རྒྱུན་ལྡན་ངང་སློབ་གཙོ་བརྩེ་དགའ་དང་ལྷན་དུ་འབྲོག་བུ་དང་གྱེས་ཏེ་བུད་སོང་། འབྲོག་བུའི་ཡིད་ཀྱི་གཞི་རུ“སྟག་ས་མཐར་ལྷུང་ན་ཁྱི་དང་རང་ཁ་གསེར་གྱི་སྒོ་མོ་རང་སྲོག་གཅོད་པའི་སྟ་རེ”ཞེས་པའི་ཚིག་གོང་ཐང་ཅན་འགའ་ག་ལེར་དྲན་བྱུང་།རྗེས་སུ་ཤེས་པ་ལྟར་ན་སྡེ་དཔོན་གྱི་བུ་མོ་མེ་ཏོག་སྐྱིད་ནི་སློབ་གཙོའི་ཟུར་བསྟེན་ཆུང་མ་དང་ལག་རྡོ་རིན་ཐང་ཅན་ཞིག་ཡིན་པར་བཤད། ལོ་དེར་ཕྱིའི་མྱི་ཁ་དང་འབྲེལ་བའི་སྤྱི་ཚོགས་ཀྱི་རྙོག་འཛིང་མང་པོའི་ཁྲོད་དུ་འབྲོག་བུས་རང་ཉིད་ལྷ་སར་འགྲོ་དགོས་སྙམ། ཁོས་རང་གི་ཨ་མ་དང་གྲོས་ཁ་གོར་མོ་ཟླ་འདྲ་ཞིག་བྱས་མཐར་རྒྱང་རིང་གི་ལྷ་སར་ཆས། བཤད་རྒྱུན་ལ་ལས་ཞིག་ཡོད་ན་ལམ་ཞིག་ཡོད་ཟེར་བ་བཞིན་འབྲོག་བུ་ལྷ་སར་འབྱོར་རྗེས་ཀྱི་ལོ་ཞིག་ལ་ལས་ཞུགས་རྒྱུགས་གཞི་ལས་འབྲས་བུ་ཡག་པོ་བྱུང་སྟེ་ལྷ་ས་གྲོང་ཁྱེར་ནས་དགེ་རྒན་དཀྱུས་མ་ཞིག་གི་ལས་སུ་ཞུགས། སྐབས་དེར་ཁོས་རང་ཉིད་ཀྱི་འདས་སོང་དང་འབྲེལ་བའི་སྒྲུང་རིང《སློབ་གཙོ་ཝ་མོ》ཞེས་པ་ཞིག་བྲིས་ཏེ་རྩོམ་རིག་དུས་དེབ་རྩེ་གྲ་ཞིག་ཏུ་བཀོད་པས་སྤྱི་ཚོགས་ཀྱི་སྡེ་སོ་སོ་རུ་གདེང་འཇོག་དང་གྲུབ་འབྲས་མི་དམན་པ་བླངས་སོང་སྐད། མི་རེ་རེ་ནར་སོན་པའི་གོ་རིམ་ནི་ཅི་འདྲའི་དཀའ་སྡུག་དང་ཀྱག་ཀྱོག་ལྡན་པ་ལ་ཨང་།

འདི་ལྟར······འདི་ལྟར། ལྷ་སའི་སྐྱིད་ཆུ་ནི་ཚེ་སྲོག་གི་གཟི་མདངས་ཡལ་བའི་བགྲེས་མོ་ཞིག་དང་འདྲ་བར་སྔར་ལྟར་ནུབ་ཁའི་ཉི་འོད་ཀྱི་ངོགས་སུ་འོད་ཀྲིག་ཀྲིག་ངང་བཞུར་ཏེ་རྒྱང་རིང་གི་ཡར་ཀླུང་གཙང་པོའི་ནང་དུ་འབབ་ཀྱིན་ཡོད། སྐབས་དེར་འབྲོག་བུ་སྐྱིད་ཆུའི་ཁ་རུ་ལངས་ཏེ་རྒྱང་བཞུད་ཀྱི་ཨ་མའི་གཟུགས་རིས་ཡིད་ལ་ཡང་ཡང་འཁོར་ཞིང་། དྲན་གདུང་གི་མཆི་མ་སྐྱིད་ཆུས་ཁུར་ཏེ་རྒྱང་རིང་གི་ཡར་ཀླུང་གཙང་པོར་འདྲེས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1