༄༅།།བོད་ཀྱི་བྱིས་གཉོར་ཁང་གི་སློབ་གསོའི་བྱེད་ཐབས་སྐོར་ཅུང་ཟད་བཤད་པ།

རྩོམ་པ་པོ། ཤེས་རབ་བསྟན་དར། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 10-19


སྤྱི་ཚོགས་འགྱུར་བ་དང་བསྟུན་ནས་བོད་ཀྱི་སློབ་གསོའི་ལམ་ལུགས་ཀྱང་འགྱུར་བཞིན་ཡོད་ཅིང་བོད་ཀྱི་བྱིས་པའི་སློབ་གསོའང་དེ་ལས་མ་འདས།དེ་བས་བོད་ཀྱི་བྱིས་པའི་སློབ་གསོའི་ཐད་དུ་གནད་དོན་གང་མང་ཞིག་འབྱུང་ཡོད་དེ།  ༡སྔོན་ཆད་བོད་ཀྱི་ས་གནས་མང་བོར་སློབ་གྲྭ་མེད་ནའང་བོད་ཀྱིས་བྱིས་པའི་སློབ་གཉེར་ངག་ཐོག་ནས་མྱོང་བཞིན་ཡོད་པས་དགྲ་འདུལ་གཉེན་སྐྱོང་དང་མི་རིགས་ཀྱི་གོམས་སྲོལ་དག་རང་བཞིན་གྱིས་ལོབས་འགྲོ་ནའང་ད་ལྟ་བྱིས་པ་དག་ཆུང་དུས་ནས་ཕ་མ་དང་ཁ་བྲལ་ཏེ་སློབ་གྲྭར་སྐྱེལ་བས་སྔོན་གྱི་སློབ་གསོའི་བྱེད་ཐབས་དེར་ནུས་པ་མེད་པར་གྱུར་པ།   ༢བྱིས་པ་ཁྱིམ་དུ་གནས་དུས་ཀྱང་དེང་གི་དངོས་པོ་དག་དང་བྱ་བྱེད་དང་བརྙན་འཕྲིན་དང་༌།གློག་བརྙན་སོགས་ཐམས་ཅད་དང་འབྲལ་དུ་མེད་པ་ཞིག་ཏུ་ཆགས་པས་བོད་རང་གི་ཐུན་མོང་མ་ཡིན་པའི་གོམས་སྲོལ་དང་རིག་གནས་སོགས་ལ་རྒྱུས་ཞན་པར་འགྱུར་བ།  ༣སློབ་གྲྭའི་སློབ་ཞོར་གྱི་བྱིས་པའི་ཀློག་དེབ་ཉུང་ཞིང༌།ཅུང་ཟད་ཡོད་པ་དག་ཀྱང་མི་རིགས་གཞན་པའི་སྐད་ནས་བསྒྱུར་བས་གྲོང་ཁྱེར་གྱི་བྱིས་པ་དང་རྒྱ་རིགས་ཀྱི་བྱིས་པ་ལ་དམིགས་པས་བོད་རིགས་བྱིས་པ་བོད་ཀྱི་གོམས་སྲོལ་ལ་ཆ་མེད་རྒྱུས་མེད་དུ་འགྲོ་བའི་རྐྱེན་དུ་འགྱུར་བ་སོགས་ཉེན་ཁ་ཆེ་བའི་གནས་ཚུལ་མང་བོ་འབྱུང་བཞིན་ཡོད།

1.jpg

འདི་ལ་དུས་ཀྱི་འགྱུར་བ་ཞེས་བཤད་ཆོག་མོད།དུས་ཀྱི་འགྱུར་བ་ཁོ་ནར་བསྟུན་ན་ལེགས་པོ་ཞིག་ཡིན་པའི་ངེས་པ་མེད་པའི་ཁར་འགྱུར་བ་འདིས་བོད་ཀྱི་བྱིས་པ་དག་མི་རིགས་རང་གི་གོམས་སྲོལ་དང་ཡ་རབས་སྤྱོད་བཟང་དེ་དག་ལ་ཁ་འབྲལ་ནས་མི་ཡན་གར་བ་ཞིག་ཏུ་མི་འགྱུར་བའི་ངེས་པ་མེད།ལྷག་པར་ད་ལྟ་བོད་ཀྱི་ས་ཆ་དག་ན་གཞུང་སྒེར་གྱི་བྱིས་གཉོར་ཁང་གང་མང་བཙུགས་ནའང༌།དེ་དག་གིས་ཐད་ཀར་མི་རིགས་གཞན་གྱི་བྱིས་པའི་སློབ་གསོའི་གཞུང་ལུགས་བླངས་ནས་བོད་ཀྱི་བྱིས་པར་སློབ་གསོ་གཏོང་བཞིན་ཡོད་པས་རིག་གནས་ཐད་ནས་བོད་ཀྱི་ཁྱད་ཆོས་ཡལ་བའི་མི་རིགས་གསར་བ་ཞིག་འབྱུང་བཞིན་ཡོད། དེ་བས་ད་ལྟའི་བོད་ཀྱི་བྱིས་གཉོར་ཁང་དག་གི་བྱིས་པའི་སློབ་གསོ་ནི་ཆེས་བསམ་གཞིག་བྱ་དགོས་པ་ཞིག་སྟེ་བདག་གིས་བོད་ཀྱི་བྱིས་པའམ་བྱིས་གཉོར་ཁང་གི་སློབ་གསོ་ལས་ད་ལྟའི་བོད་ཀྱི་བྱིས་གཉོར་ཁང་གི་བསླབ་བྱ་དང་སློབ་ཚུལ་གྱི་སྐོར་རགས་ཙམ་བཤད་འདོད།

3.jpg

དང་པོ། བོད་ཀྱི་བྱིས་པའི་བསླབ་བྱའི་ཡུལ།

༡བོད་ཀྱི་སྐད་ཆ་སྦྱོང་བ།

སྐད་ཆ་སྦྱོང་བ་ནི་རང་གི་མི་རིགས་སྐད་ཆ་ཙམ་ལ་སྦྱོང་བ་མ་ཡིན་པར་སྐད་ཆའི་ནང་དུ་ཐིམ་པའི་མི་རིགས་ཀྱི་རིག་གནས་ལ་སྦྱོང་བའི་ཆེད་དུ་ཡིན།ཚང་མས་མཁྱེན་གསལ་ལྟར་སྐད་ཆ་དང་རིག་གནས་བར་གྱི་འབྲེལ་བ་ནི་མི་རིགས་དང་སྐད་ཆའི་བར་གྱི་འབྲེལ་བ་ཡིན་ཞེས་བཤད་ཆོགདེ་བས་མི་རིགས་དེའི་སྐད་ཆ་ལ་ཇི་ལྟར་བྱང་ན་མི་རིགས་དེའི་རིག་གནས་ལ་དེ་ལྟར་བྱང་ངེས་ཡིན།སྐད་ཆ་སྦྱོང་ན་བྱིས་པའི་དུས་ནས་སྦྱང་དགོས་ཏེ།བྱིས་པའི་དུས་སུ་སྦྱངས་པའི་སྐད་ཆ་ནི་མི་དེར་སྐད་རིགས་གཞན་ལས་བག་ཆགས་ཆེན་པོ་ཞིག་འཇོག་ངེས་རེད།

དེ་ནི་མི་རིགས་ཀུན་ལ་ཡོད་པའི་ཐུན་མོང་གི་ཁྱད་ཆོས་ཤིག་ཡིན་པས་བོད་ཀྱི་བྱིས་པས་བོད་རང་གི་སྐད་ཆ་སྦྱོང་དགོས་པ་མ་ཟད།རིག་གནས་དང་འབྲེལ་བ་ཡོད་པའི་སྐད་ཆ་སྦྱང་དགོས།དེ་ལྟར་སྦྱངས་ན་མ་འོངས་པར་བོད་མི་ཚད་ལྡན་ཞིག་བྱེད་པའི་རྨང་འདིང་བ་རེད།

(༡)བོད་མི་རིགས་ནི་ཆོས་ལུགས་ལ་དད་པའི་མི་རིགས་ཤིག་ཡིན་ཞིང༌།ཆོས་ལུགས་ནི་བོད་མི་རིགས་ཀྱི་ཡུལ་སྲོལ་གོམས་འདྲིས་དང་དབྱེར་མེད་དུ་འདྲེས་ནས་ད་ལྟ་ཆོས་ལུགས་མི་ཤེས་ན་མི་རིགས་མི་ཤེས་པ་དང་ཆོས་ལུགས་དང་ཁ་བྲལ་ན་མི་རིགས་དང་ཁ་བྲལ་བ་ལྟ་བུ་ཞིག་ཏུ་ཆགས་ཡོད།དེ་བས་བོད་རིགས་བྱིས་པ་ཆུང་དུས་ཡུལ་སྲོལ་གོམས་གཤིས་དང་འབྲེལ་བའི་ཆོས་ལུགས་ཀྱི་དངོས་པོ་དང་དགོན་སྡེ་སོགས་ལ་འདྲིས་པར་བྱེད་པ་གལ་ཆེ་བས་ཆོས་ལུགས་ཀྱི་ཐ་སྙད་དགོན་པ་དང་མཆོད་རྟེན།གྲྭ་བ་དང་སྔགས་པ།གནས་མཇལ་དང་ཕྱག་དང་སྐོར་བ།ལབ་ཙེ།རྡེའུ་འབུམ༌།མ་ཎི་ཁང༌།འབུམ་ཁང་སོགས་ཆོས་ལུགས་དང་འབྲེལ་བའི་ཐ་སྙད་དག་ལ་སྦྱངས་ན་དགོས་པ་ཤིན་ཏུ་ཆེ།

(༢)ཁོར་ཡུག་ནི་མི་རིགས་ཀྱི་ཡུལ་གྱི་ཁྱད་ཆོས་གཙོ་བོ་ཞིག་ཡིན་པས་མི་རབས་རྗེས་མ་དག་ལ་བོད་ཀྱི་སྲོལ་རྒྱུན་གྱི་བསམ་བློའི་རྨང་ཆགས་པ་ལ་ཕན་པ་ཤིན་ཏུ་ཆེ།མི་རིགས་ཀྱི་ཁོར་ཡུག་དང་བྲལ་བའི་མི་རིགས་ཤིག་བྱུང་ན་དེ་ནི་མི་རིགས་ཕྱེད་ཀ་ཞིག་ལས་མ་འདས་པ་འདྲ།དེ་བས་བོད་རིགས་བྱིས་པས་རྟ་ནོར་ལུག་གསུམ།གཅན་གཟན་རི་དྭགས།གངས་རི་དང་རྫ་ཆུ་སོགས་བོད་ཀྱི་ཁོར་ཡུག་དང་འབྲེལ་བའི་ཐ་སྙད་དག་ལ་སྦྱངས་ཏེ་དངོས་པོ་དེ་དག་གི་ངོས་འཛིན་དང་གོ་དོན་ལ་གང་ལ་གང་འཚམ་གྱིས་ངོས་ཟིན་པར་བྱ་དགོས།

(༣)འཚོ་བ་ནི་མི་རིགས་ཤིག་གི་ཡུན་རིང་བོར་བསགས་པའི་རིག་གནས་ཤིག་ཡིན་ཞིང༌།མི་རིགས་གང་ཞིག་ཡིན་རུང་རང་ལ་འཚོ་བའི་ཕུན་སུམ་ཚོགས་པ་ཡོད།བོད་མི་རིགས་ལ་མཚོན་ནའང་དེ་བཞིན་ཏེ་མི་རིགས་གང་ཞིག་ཡིན་རུང་རང་གི་འཚོ་བ་དང་མཐུན་པར་བྱེད་པ་ནི་་ཤིན་ཏུ་གལ་ཆེ།དེ་བས་བོད་རིགས་བྱིས་པས་ཆུང་དུས་ནས་བོད་རང་གི་་སྦྲ་དང་རུ་དང༌།གྲོ་མ།ཞོ་དང་འོ་མ་སོགས་བོད་ཀྱི་འཚོ་བ་དང་འབྲེལ་བའི་ཐ་སྙད་དག་ཤེས་དགོས་ཏེ་དེ་དག་མི་རིགས་ཀྱི་འཚོ་བའི་ཁྱད་ཆོས་ཀྱི་གཙོ་བོ་ཞིག་ཡིན་པས་མི་རབས་རྗེས་མ་དག་གིས་བོད་ཀྱི་སྲོལ་རྒྱུན་གྱི་བསམ་བློའི་རྨང་ཆགས་པ་ལ་ཕན་པ་ཤིན་ཏུ་ཆེ།

4.jpg

༢ངག་རྩེད་སྦྱོང་བ།

ངག་གི་རྩལ་སྦྱོང་བ་ནི་བྱིས་པ་ཞིག་ལ་མཚོན་ན་མེད་མི་རུང་བ་ཞིག་སྟེ་ངག་རྩལ་ལ་བརྟེན་ནས་བྱིས་པའི་ཁ་ལྕེ་ཇེ་དག་ལ་ཡོང་ངེས་ཤིང༌།སྨྲ་བའི་རྩལ་ཇེ་མཐོར་འགྲོ།སྔོན་ཆད་བོད་ཀྱིས་བྱིས་པ་ངག་གི་རྩལ་སྦྱོང་བའི་ཐབས་མང་ཞིང༌།ལྷག་པར་ཨ་མཚར་མཚར་དགུ་དང་ཨ་ཆགས་ཆགས་དགུ་སོགས་བྱིས་པའི་ངག་གི་རྩེད་མོ་དང་བསམ་གཞིག་གི་ནུས་པ་མཉམ་དུ་སྐྱེད་པའི་ཐབས་གང་མང་ཞིག་ཡོད།བོད་ཀྱི་བྱིས་པས་མི་རིགས་གཞན་གྱིས་ངག་རྩལ་སྦྱོང་བའི་ཐབས་ལ་བརྟེན་པ་ལས་བོད་རང་གི་སྲོལ་རྒྱུན་གྱི་ངག་རྩལ་དག་ལ་སྦྱང་ན་ལེགས་སྟེ།དེ་ནི་བོད་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་ལྷག་གི་སློབ་གསོའི་སྤྱི་བསྡོམས་ཤིག་ཡིན་པས་སོ།།བོད་རང་གི་ངག་རྩལ་འདི་དག་གིས་ངག་གི་རྩལ་སྦྱོང་བ་ཙམ་དུ་མ་ཟད།བསམ་གཞིག་གི་ནུས་པའང་བསྐྱེད་ཐུབ་པ་རེད།

༣གཏམ་དཔེ་ལ་སྦྱོང་བ།

གཏམ་རྒྱུད་ནང་དུ་བོད་ཀྱི་མི་ཆོས་དང་ལྷ་ཆོས་སྐོར་གྱི་མན་ངག་ཁྱད་པར་ཅན་མང་བོ་ཡོད།འདི་ནི་མི་གཅིག་གི་བློ་གྲོས་ཀྱི་རྩལ་ལས་ཐོན་པ་མ་ཡིན་པར་མེས་པོའི་མི་རབས་དུ་མའི་བློ་གྲོས་ཀྱི་རྩལ་ལས་ཐོན་པ་ཡིན་པས་འདིའི་ནང་དུ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་དུ་མའི་མི་ཆོས་དང་ལྷ་ཆོས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་རིམ་བཞིན་བརྒྱུད་ནས་ཡོང་བ་ཞིག་ཡིན་པས་འདི་ལ་རྒྱུས་ལོན་ན་མི་རིགས་ཀྱི་རིག་གནས་ལ་རྒྱུས་ལོན་པ་ཡིན་ཞེས་བཤད་ཀྱང་འགལ་བ་མེད།སྔོན་ཆད་བོད་ཀྱིས་གླུ་དང་གཏམ་དཔེ་བརྒྱུད་ནས་མི་རབས་གསར་བ་དག་ལ་སློབ་གསོ་གཏོང་བཞིན་ཡོད་པས་འདི་ནི་ངག་རྩལ་སྦྱོང་བའི་ཆེད་ཙམ་དུ་མ་ཡིན་པར་སློབ་གསོའི་གཞུང་ལུགས་ཤིག་ཡིན་པ་གསལ་བོ་ངེས་ཟིན་དགོས།དེ་བས་བྱིས་པ་རྣམས་ལ་གཏམ་དཔེ་ཁྲིད་དེ་སྔོན་ཆད་བོད་ཀྱི་སྲོལ་བཞིན་དུ་གཏམ་དཔེ་བཤད་པ་འགྲན་བསྡུར་བྱེད་དུ་འཇུག་པ་ཤིན་ཏུ་གལ་ཆེ།

༤གཏམ་རྒྱུད་ལ་སྦྱོང་བ།

གཏམ་རྒྱུད་ནི་མི་རིགས་ཤིག་གི་བསམ་པའི་འཁྱེར་སོ་རེད།མི་རིགས་རང་གི་གཏམ་རྒྱུད་ཇི་ལྟར་ཤེས་པ་མང་ན་མི་རིགས་ཀྱི་སེམས་པའི་འཁྱེར་སོ་དེ་ལྟར་འདྲིས་འགྲོ།དེ་བས་བྱིས་པ་ལ་བོད་རང་གི་གཏམ་རྒྱུད་སྣ་ཚོགས་ངོ་སྤྲོད་བྱེད་པ་ཤིན་ཏུ་གལ་ཆེ།སྔོན་བོད་བཙན་པོའི་སྐབས་སུ་སྒྲུང་ལྡེའུ་བོན་གསུམ་གྱི་སློབ་གསོ་ཡང་ངག་ཐོག་གི་སློབ་གསོ་ཡིན་ཞིང་གཏམ་ནི་མི་ཆོས་དང་ལྷ་ཆོས་གཉིས་གཙོ་བྱས་པའི་མི་རིགས་ཤིག་གི་བསམ་བློའི་འཁྱེར་སོགཏམ་རྒྱུད་ཀྱི་གཟུགས་སུ་ཤར་བ་ཡིན་པས་གཏམ་རྒྱུད་དང་གནའ་བོའི་མིའི་འཇིག་རྟེན་གྱི་ལྟ་ཚུལ་དང་མི་ཚེ་ལྟ་ཚུལ་སོགས་ཆ་ཚང་བ་ཞིག་ཡིན།དེ་ནི་མི་རིགས་ཀྱི་བསམ་བློའི་འཁྱེར་སོ་དང་མཐུན་པའི་སློབ་གསོ་ཡིན་པས་སྔོན་སྲོང་བཙན་སྒམ་པོས་དབང་ཆེན་བཅད་ཀྱི་སྤྱི་ཁྲིམས་སོགས་བཟོ་བ་ལྟ་བུ་རེད།

སྔོན་ཆད་བོད་ཀྱི་མི་ཆོས་དང་ལྷ་ཆོས་ཀྱི་བསམ་བློ་མང་བོ་ཞིག་གཏམ་རྒྱུད་ལ་བརྟེན་ནས་བྱིས་པ་རྣམས་ཀྱིས་ཤེས་པ་ཡིན་པས་བྱིས་པ་རྣམས་ལ་གཏམ་རྒྱུད་བཤད་དུས་མི་རིགས་རང་གི་གཏམ་རྒྱུད་བཤད་པ་ལས།བོད་ཀྱི་རིག་གནས་དང་མི་མཐུན་པའི་མི་རིགས་གཞན་གྱི་གཏམ་རྒྱུད་བཤད་ན་བྱིས་པའི་མི་རིགས་ཀྱི་སློབ་གསོ་མྱང་བ་ལ་གནོད་པ་ལས་ཕན་པ་མེད།དེ་བས་བོད་ཀྱི་བྱིས་པ་དག་ལ་བོད་རང་གི་གཏམ་རྒྱུད་གང་མང་བཤད་རྒྱུད་ནི་ཤིན་ཏུ་གལ་ཆེ་སྟེ།དེ་ལ་བརྟེན་ནས་ཀྱང་མི་རིགས་ཀྱི་རིག་གནས་མངོན་པར་མྱང་ཐུབ་པ་ཡིན།

5.jpg

༥གླུ་གར་སྦྱོང་བ།

༥སྔོན་ཆད་བོད་ཀྱི་བྱིས་པ་དག་ལ་བྱིས་གླུ་ལེན་རྒྱུ་ཡོད་ཅིང་གླུ་ཡང་བྱིས་པ་དག་ལ་མེད་དུ་མི་རུང་བའི་ཡོན་ཏན་ཞིག་ལ་རྩི།དེ་བས་བྱིས་པ་དག་ལ་སྔོན་གྱི་བྱིས་གླུ་མང་བོ་ཁྲིད་རྒྱུ་ཤིན་ཏུ་གལ་ཆེ།ཚང་མས་མཁྱེན་གསལ་བཞིན་གླུ་གར་ནི་རྩེད་མོ་ཞིག་ཡིན་ལ་ཡོན་ཏན་ཞིག་ཀྱང་ཡིན།གལ་ཏེ་གླུ་གར་འདི་བསམ་བློ་དང་འབྲེལ་བ་མེད་པའི་རོལ་རྩེད་ཀྱི་རྣམ་གྲངས་ཤིག་ཏུ་བཟུང་ན་དེ་ནི་ལོག་ལམ་དུ་འགྲོ་སྙམ།བོད་གླུ་གར་གྱི་རྒྱ་མཚོ་ཞེས་འབོད་པ་བཞིན་རྒྱ་མཚོ་འདིའི་ནང་དུ་སློབ་གསོ་དང་བསམ་བློའི་ནུས་པ་ཕུན་སུམ་ཚོགས་པ་ཡོད།གླུ་གར་སློབ་གསོ་དང་འབྲེལ་ཞིང་སློབ་གསོ་མ་འོངས་པའི་མདུན་ལམ་དང་འབྲེལ་ན་མི་རིགས་དེའི་གླུ་གར་ནི་ངེས་པ་དོན་གྱི་གླུ་གར་ཞིག་ཏུ་གྱུར་པ་ཡིན།

༦བློ་དང་རིག་པ་སྦྱོང་བ།

བློ་རིག་སྦྱོང་བ་ནི་མི་ཚེའི་མདུན་ལམ་སྦྱོང་བ་ཞིག་ཡིན།སྔོན་ཆད་བཙན་པོའི་རྒྱལ་རབས་ཀྱི་དུས་སུ་ལྡེའུ་ལ་བརྟེན་ནས་ཆབ་སྲིད་སྐྱོང་བ་བཞིན་ལྡེ་ནི་བོད་མི་རིགས་ཀྱི་བསམ་གཞིག་དང་རིགས་ལམ་སྦྱོང་བའི་ཐབས་བླ་ན་མེད་པ་ཞིག་ཡིན།རྗེས་སུ་འདི་ལྟ་བུའི་སྲོལ་ཅུང་ཉམས་ནའང་ང་བརྒྱད་སྔོན་དུ་བོད་ཀྱི་རོང་འབྲོག་གི་ས་ཆ་ཀུན་ཏུ་སྲོལ་འདི་མུ་མཐུད་དུ་སྤྱོད་ཀྱིན་ཡོད།ལྡེ་དང་ཁེད་ཀྱིས་རིག་པ་སྦྱོང་བ་ཡིན་པས་བོད་ཀྱི་བྱིས་པ་དག་གིས་ཁེད་སྣ་ཚོགས་བསླབས་ཏེ་བསམ་གཞིག་གཏོང་བའི་ནུས་པ་བསྐྱེད་ན་ལེགས།ཁེད་ནི་བློ་སྒོ་འབྱེད་པའི་ཐབས་ཤིག་ཡིན་ནའང་བོད་ཀྱི་སྲོལ་རྒྱུན་སློབ་གསོ་རྩེད་མོའི་རྣམ་པ་ལས་ཁྲིད་ཀྱིན་ཡོད་ཅིང་ཐབས་དེ་ནི་བོད་རིགས་བྱིས་པར་ཤིན་ཏུ་འཚམ་པས་ང་ཚོས་ཀྱང་དེ་ཉིད་ཡོངས་སུ་སྤྱད་ན་ལེགས་སྙམ།

༧ཡ་རབས་ཀྱི་སྤྱོད་བཟང་ལ་སྦྱོང་བ།

ཡ་རབས་ཀྱི་སྤྱོད་བཟང་ནི་མི་རིགས་ཤིག་ཡིན་ག་འདྲ་ཡིན་པའི་ཚད་གཞི་ཉག་གཅིག་ཡིན་པར་འདོད་དེ།མི་རིགས་ཤིག་ལ་ཡ་རབས་སྤྱོད་བཟང་མེད་ན་དེ་ནི་ཆེས་གདུག་རྩུབ་ཆེ་བའི་མི་རིགས་ཤིག་ཏུ་གྱུར་ཡོད།ཡ་རབས་ཤིག་ཡིན་པའི་རྟགས་སུ་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ལེགས་པོ་ཞིག་དགོས་ཏེ།ངག་གི་ཡ་རབས་ཀྱི་སྤྱོད་པ་ནི་ཞེ་ས་དང་ལུས་ཀྱི་ཡ་རབས་ཀྱི་སྤྱོད་པ་ནི་བརྩི་བཀུར་ཚུལ་མཐུན།ཡིད་ཀྱི་ཡ་རབས་ཀྱི་སྤྱོད་པ་ནི་བྱམས་སྙིང་རྗེ་དང་གཞན་ཕན་གྱི་བསམ་པ་སོགས་ཡིན།

བོད་རིགས་ནི་ཡ་རབས་བརྩི་བཀུར་ལྡན་པའི་མི་རིགས་ཤིག་ཡིན་ལ།ད་ལྟ་བོད་མི་རིགས་མི་རིགས་གཞན་གྱི་རིག་གཞུང་དང་འབྲེལ་བ་བྱུང་བ་ཆེས་མགྱོགས་ཤིང༌།ཆ་འཕྲིན་གྱི་དབང་གིས་སྐད་ཆ་དང་ཀུན་སྤྱོད་མང་བོ་ལ་འགྱུར་བ་འགྲོ་བཞིན་ཡོད་པས་ཞེ་ས་དང་ཡ་རབས་སྤྱོད་བཟང་སོགས་ཀྱང་རིམ་བཞིན་ཉམས་བཞིན་ཡོད།

(༡)བྱིས་པ་རྣམས་ལ་ཡ་རབས་ཀྱི་རིགས་བསླབ་དགོས།ད་ལྟའི་བྱིས་པ་རྣམས་ཀྱིས་ཞེ་ས་མི་ཤེས་པ་ལོ་རེ་བཞིན་ཇེ་ཐུ་ཡིན་པས་བྱིས་གཉོར་ཁང་གི་དུས་སུ་བྱིས་པ་རྣམས་ལ་ཞེ་ས་ཁྲིད་དགོས།དཔེར་ན་བཞེས་དང་བཞུགས།བཞེངས།དབུ་དང་ཤངས་ལ་སོགས་པ་སྦྱོང་བ་བྱེད་དུ་འཇུག་དགོས།

(༢)བྱིས་པ་རྣམས་ལ་བརྩི་བཀུར་གྱི་རིགས་བསླབ་དགོས།དཔེར་ན་དགེ་རྒན་དང་རྒན་པ་དག་ཡོང་ན་ཡར་ལངས་པ་དང་རྒན་པ་དང་ཕ་མར་བརྩི་བཀུར་བྱེད་སྟངས་སོགས་མི་རིགས་རང་གི་སྤྱོད་པ་དག་འཁྲིད་དགོས།

(༣)གཞན་ཕན་གྱི་བསམ་བློ་ནི་མི་ཆོས་དང་ལྷ་ཆོས་གཉིས་ཀྱི་སྲོག་ལྟ་བུ་ཞིག་ཡིན་ཏེ་འཇིག་རྟེན་གྱི་བྱ་བ་རླབས་པོ་ཆེ་དང་བདེ་དགེའི་ལེགས་ཚོགས་ཐམས་ཅད་འབྱུང་བ་ཡིན།བྱམས་སྙིང་རྗེ་དང་གཞན་ཕན་གྱི་བསམ་བློ་ཁྱད་ཆེ་ཆུང་ཡོད་ནའང་་གང་ཞིག་ཡིན་རུང་མི་རིགས་དང་རྒྱལ་ཁབ་སོགས་གནས་ཡུལ་དུས་ཀུན་ཏུའང་མེད་དུ་མི་རུང་བ་ཞིག་ཡིན།བོད་མི་རིགས་ནི་བྱམས་སྙིང་རྗེ་དང་གཞན་ཕན་གྱི་བསམ་བློ་ལྡན་པའི་མི་རིགས་ཤིག་ཡིན་པས་བསམ་བློ་འདིས་ང་ཚོ་མི་རིགས་འདི་འཛམ་གླིང་དུ་མིང་དང་ལྡན་ཞིང་ཀུན་གྱིས་དོ་སྣང་བྱེད་པའི་མི་རིགས་ཤིག་ཏུ་གྱུར་པ་རེད།དེ་བས་བྱམས་སྙིང་རྗེ་དང་གཞན་ཕན་གྱི་བསམ་བློ་བྱིས་པ་རྣམས་ལ་བསླབ་དགོས།

8.jpg

གཉིས་པ།སྦྱོང་བའི་ཐབས།

༡རི་མོ་ལ་བརྟེན་ནས་སྦྱོང་བ།

རི་མོ་ལ་བརྟེན་ནས་དངོས་པོ་ངོས་འཛིན་བྱེད་པ་ནི་བྱིས་པ་ལ་མཚོན་ན་རང་བྱུང་སྣོད་བཅུད་ངོས་འཛིན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན།དེ་བས་བྱིས་གཉོར་ཁང་གིས་བྱིས་པ་དག་གིས་རང་བྱུང་ཁམས་དང་བོད་ཀྱི་སྤྱི་ཚོགས།རིག་གནས་བཅས་གང་ཡིན་རུང་ངོས་འཛིན་བྱེད་དུས་རི་མོ་ལ་བརྟེན་པ་ཤིན་ཏུ་གལ་ཆེ།བདག་གིས་བསམ་པར་བོད་ཀྱི་བྱིས་པར་གང་ཞིག་སྦྱོང་དུས་ཀྱང་རི་མོ་ལ་བརྟེན་པ་གལ་ཆེ་ལ།ལྷག་པར་མི་རིགས་ཀྱི་རིག་གནས་དང་གོམས་སྲོལ་གྱི་ཐ་སྙད་དག་རི་མོས་མཚོན་པ་གལ་ཆེ།

(༡)ལྷ་སྐུ་མི་འདྲ་བ་སྒྲོལ་མ་དང་འཇམ་པའི་དབྱངས།དབྱངས་ཅན་མ་སོགས་ངོ་སྤྲོད་པ།(༢)བོད་ཀྱི་ཉེར་སྤྱད་དངོས་པོ་དང་ངོས་ཟིན་པར་བྱེད་པ།(༣)མི་དང་སྲོག་ཆགས་ནི་གནའ་ནས་བཟུང་འབྲལ་དུ་མེད་པའི་རང་གི་ས་ཆའི་རི་དྭགས་དང་འདབ་ཆགས་སོགས་ངོས་འཛིན་པ།(༤)ཡུལ་སྲོལ་ནི་མི་རིགས་ཤིག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན་པས་རི་མོ་དང་དཔེ་སྣ་ཚོགས་ཀྱིས་བོད་ཀྱི་ཡུལ་སྲོལ་མང་བོ་ངོ་སྤྲོད་བྱེད་པ་གལ་ཆེ་བ་སོགས་གོང་དུ་བཤད་པའི་ཐ་སྙད་དང་བཅས་ཐམས་ཅད་རི་མོའི་ལམ་ནས་ངོ་སྤྲད་ན་ཤིན་ཏུ་ལེགས་སྙམ།

༢རྩེད་མོ་ལ་བརྟེན་ནས་སྦྱོང་བ།

བྱིས་པ་ནི་བསམ་བློའི་མྱུ་གུ་འབུས་པའི་སྐབས་ཡིན་པས་རྩེད་མོ་ནི་བྱིས་པ་དག་ལ་འབྲལ་ཐབས་མེད་པའི་འཚོ་བའི་ཆ་ཤས་ཤིག་རེད།དེ་བས་བསླབ་བྱ་གང་ཞིག་ཁྲིད་ནའང་བྱིས་པ་དག་ལ་སྤྲོ་བ་བསྐྱེད་པ་གལ་ཆེ་སྟེ།བྱིས་པ་ལ་སྤྲོ་བ་བསྐྱེད་མི་ཐུབ་པའི་སློབ་གསོ་ནི་སློབ་གསོ་ཡང་དག་པ་མིན་པས་འདི་དག་ཁྲིད་དུས་རྩེད་མོ་དང་འབྲེལ་ནས་ཁྲིད་པ་ལས་སློབ་ཁྲིད་ཀྱི་རྣམ་པས་ཁྲིད་མི་རུང༌།རྩེད་མོའི་ལམ་ནས་ཁྲིད་ན་བྱིས་པ་དག་ལ་སྤྲོ་བ་བསྐྱེད་པས་དགེ་མཚན་ཤིན་ཏུ་ཆེ།ལྷག་པར་བསླབ་བྱ་དག་དང་རྩེད་མོ་གཉིས་འབྲལ་ཐབས་མེད་པ་ཞིག་ཏུ་གྱུར་ཡོད་ན་དེ་ནི་སློབ་གསོ་ཡང་དག་པ་ཞིག་ལ་བརྩི་ཆོག

༣གླུ་གར་ལ་བརྟེན་ནས་སྦྱོང་བ།

གླུ་གར་ནི་བྱིས་པ་ཆེས་དགའ་བའི་རོལ་རྩེད་ཅིག་ཡིན་པས་བསླབ་བྱ་གང་ཞིག་སྦྱང་ནའང་གླུ་དང་གར་རོལ་མོ་དང་འགྲོགས་ནས་སྦྱངས་ན་བྱིས་པར་སྤྲོ་བ་བསྐྱེད་ཐུབ་ཅིང་སྤྲོ་བས་གང་ཞིག་སྦྱངས་ནའང་བསླབ་བྱར་དགའ་བ་བསྐྱེད་ཐུབ་ཅིང༌།ལེགས་པར་ལོབས་འགྲོ་བས་ཐབས་འདི་ནི་བྱིས་པའི་སློབ་གསོ་ལས་མེད་དུ་མི་རུང་བ་ཞིག་ཡིན།

༤ལག་ལེན་ལ་བརྟེན་ནས་སྦྱོང་བ།

བྱིས་པས་གང་ཞིག་སྦྱོང་ནའང་ལག་ལེན་ལ་འདེབས་པ་གནད་དུ་འཛིན་དགོས།དེ་ཡང་གཏམ་རྒྱུད་སྦྱངས་ན་བྱིས་པ་རྣམས་ལ་གཏམ་རྒྱུད་བཤད་དུ་འཇུག་དགོས་ལ།གཏམ་དཔེ་སྦྱོང་ན་གཏམ་དཔེ་དེ་དག་འགྲན་སྡུར་གྱི་ཚུལ་དུ་བཤད་དུ་འཇུག་པ་དང་ཡ་རབས་སྤྱོད་བཟང་གི་རིགས་སྦྱོང་ན་རྒྱུན་དུ་དེ་ཉིད་ལག་བསྟར་དུ་འདེབས་དགོས།དེ་ལྟར་བྱས་ན་བྱིས་པའི་གཤིས་ཀར་གྱུར་ནས་མི་གཤིས་བཟང་བོ་ཞིག་ཏུ་འགྱུར་ངེས་ཡིན།

6.jpg

མཇུག་གི་གཏམ

བདག་ནི་བྱིས་གཉོར་ཁང་གི་སློབ་གསོའི་ཉམས་མྱོང་ཅི་ཡང་མེད་པའི་མི་ཞིག་ཡིན་མོད།ཡུན་རིང་བོར་བོད་ཀྱི་སྤྱི་ཚོགས་དང་སློབ་གསོ།ཆོས་ལུགས་རིག་གནས་བཅས་ལ་ཡུན་རིང་བོར་བསམ་གཞིག་བཏང་བ་ལས་རིག་གནས་དང་མི་རིགས་བར་གྱི་འབྲེལ་བ་ནི་མི་རིགས་འཇིག་རྟེན་དུ་འཚོ་ཐུབ་མིན་དང་འབྲེལ་བ་ཡོད་པ་ཞིག་ཡིན་པས་མི་རིགས་རང་གི་སྲོལ་རྒྱུན་དང་འབྲེལ་ནས་བྱིས་པའི་སློབ་གསོ་ལ་བསམ་གཞིག་བཏང་བ་དང་ཁྱད་པར་སྒེར་གཉེར་བྱིས་གཉོར་ཁང་གི་བདག་པོ་ཞིག་གིས་བདག་ལ་བྱིས་གཉོར་ཁང་གི་སློབ་གསོ་ཐད་ནས་དྲི་བ་ཞིག་བཏོན་པས་བདག་གིས་ཡུན་རིང་བོ་བསམ་བློ་བཏང་ནས་འདི་ཉིད་བྲིས་པ་ཡིན་པས་བོད་ཀྱི་སློབ་གསོ་ལས་གཉེར་བ་དག་གིས་དཔྱད་གཞི་འཛིན་པ་དང་བླང་དོར་བྱ་རོགས།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1