༄༅། །ཨོ་རྒྱན་ཉི་མར་ཕུལ་བའི་དགག་ལན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-30



ཅི་ཞིག་བསམ་ལ་གང་ཞིག་བསྒྲུབ་འདོད་མི་ཤེས་སུ་ཡི་རྟོགས།།

ཐམས་ཅད་དད་པའི་ཆེད་དམ་གང་གི་དོན་དུ་ཡིན་ནམ་ཀྱེ།
རྙིང་དོར་གསར་ལེན་བྱེད་པ་འཇིག་རྟེན་ལུགས་དང་མཐུན་པ་ཡིན།།
དེ་ལ་སྙིང་ནས་སྡང་ཞིང་སེམས་སུ་མེ་མུར་འཁོལ་བ་འདི།།
རང་གི་སེམས་ལ་རང་གིས་ནད་རོ་བཟོ་ཞིང་མི་རིགས་འདིར།།
སྙིང་ཁོངས་རུས་པའི་གཏིང་ནས་འགན་ཞིག་འཁྱེར་ཏེ་བཤད་པ་མིན།།
 
ཁྱོད་ཀྱི་བཅད་གསར་སྙན་ངག་མི་ལེགས་ང་ཚོར་མི་དགོས་ཞེས།།
སྡིག་མོ་བྱེད་ཅིང་ཁུངས་མིན་ལུགས་མིན་དཔྱད་གཏམ་སྤེལ་བ་འདི།།
སྙན་ངག་ཡིད་ཀྱི་དུངས་བ་ཞེས་པར་ངེས་ཤེས་མེད་པ་འདྲ།།
དེས་ན་ཁྱོད་ཀྱི་དཔྱད་མཁན་བདུད་ཀྱི་ལྷ་རྒྱལ་ཉིད་ཀྱིས་ནི།།
ལེགས་པར་བརྩམས་ཤིང་གོ་རྒྱུ་མང་བའི་སྙན་ངག་གཤིབ་བསྡུར་མར།།
གཅིག་མིན་གཉིས་མིན་ལྟོས་དང་འདི་ནས་བསྒྱུར་བཅོས་དགོས་པ་རྟོགས།
 
བསྒྱུར་བཅོས་བྱེད་པ་འཇིག་རྟེན་ལུགས་ཀྱི་ཆོས་ཉིད་ཡིན་པ་རེད།།
ནུབ་གླིང་ཡུལ་དུ་ལྷ་ཆོས་བརླགས་ནས་མི་ཆོས་བཏོད་པར་བྱས།།
 
ཨ་ཙི་ང་ཚོ་རྒྱས་པའི་ལམ་ཕྲང་འཚོལ་བའི་མི་བུ་དག།
ཅི་འདྲིའི་དཀའ་ཞིང་ལུས་པོ་སྡུག་དང་ཚེར་མས་ཁེངས་པ་རེད།།
སྙན་ངག་གཉིས་ཀྱིས་བསྒྱུར་བཅོས་འདི་ཡང་བློ་རུ་མི་གཤོང་བས།།
མེ་ཞོགས་གཉིས་ཀྱི་བརྩམས་བྱ་མི་ཀོང་ནང་དུ་མཐོང་བའི་སྐབས།།
སྐབས་རེ་སྨྱོ་ཞིང་ལན་རེ་རང་གི་སྲོག་ཀྱང་ལྕེབས་ལ་རྒྱུག།
དེ་འདྲ་རེ་གཉིས་མ་ཡིན་བོད་ཀྱི་སྤྱི་ཚོགས་འདི་ན་མང་།
 
དེས་ན་གངས་ཅན་བོད་ཀྱི་བོད་ཕྲུག་ཚོ་དང་མཁས་རྣམས་ཀྱི།།
རང་གི་དད་པ་རྩེ་རུ་མ་བསྒྲེང་མི་རིགས་འདི་ཡི་ལས་དབང་ལ།།
སེམས་ཤིང་སོམས་གྱིན་རང་གི་དད་པ་ཕར་ལ་བསྐྱུར་ནས་ནི།།
འུ་ཚོ་སྣུམ་ཟད་མར་མེ་ལྟར་དུ་གནས་མིན་ཐུག་པ་འདིར།།
ང་དང་ཁྱོད་ཚོ་ཚང་མས་འུ་ཚོ་གནས་པའི་ལས་དོན་ཆེད།།
མནོ་བསམ་ལེགས་པར་གཏོང་ཞིག་ང་ཡི་དྲ་གྲོགས་ཨོ་ཉིན་སོགས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1