ཀྲུང་གོ་གུང་ཁྲན་ཏང་གིས་དུས་དང་རྣམ་པ་ཀུན་དུ་མི་དམངས་དམངས་གཙོའི་དར་ཆ་བསྒྲེང་དགོས།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-26



སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་དམངས་ཆེན་ལས་དོན་གྲོས་ཚོགས་ཐོག་གི་གསུང་བཤད་གལ་ཆེན་སློབ་སྦྱོང་དོན་འཁྱོལ་སྐོར་གླེང་བ།
མི་དམངས་ཉིན་རེའི་ཚགས་པར་ཀྱི་དཔྱད་བརྗོད་པ།
        དམངས་གཙོ་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱི་དུས་ནམ་ཡང་འགྱུར་བ་མེད་པར་རྒྱུན་འཁྱོངས་བྱེད་པའི་འདུ་ཤེས་གལ་ཆེན་ཡིན། ཀྲུང་དབྱང་དམངས་ཆེན་ལས་དོན་གྲོས་ཚོགས་ཐོག །སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཙོ་ཆབ་སྲིད་ཀྱི་འཕེལ་རྒྱས་ཀྱི་ཆོས་ཉིད་དང་རང་རྒྱལ་གྱི་མི་དམངས་དམངས་གཙོའི་ལག་ལེན་ངོས་འཛིན་གཏིང་ཟབ་གནང་བ་དང་། རང་རེའི་ཏང་གི་དམངས་གཙོའི་སྐོར་གྱི་རྩ་བའི་དགོངས་དོན་དང་མི་དམངས་དམངས་གཙོའི་གལ་ཆེའི་འདུ་ཤེས་ཀྱི་བརྒྱུད་རིམ་ཧྲིལ་པོར་དགོངས་འགྲེལ་གཏིང་ཟབ་གནང་བར་མ་ཟད། མི་དམངས་དམངས་གཙོའི་བརྒྱུད་རིམ་ཧྲིལ་པོ་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་དགོས་པ་དང་། གསོན་ཉམས་ལྡན་ཞིང་བརྟན་བརླིང་མཐུན་སྒྲིལ་གྱི་ཆབ་སྲིད་ཀྱི་གནས་བབ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས་པ་ནན་བསྟན་གནང་།
        དམངས་གཙོ་ནི་མིའི་རིགས་ཀྱི་ཐུན་མོང་གི་རིན་ཐང་ཡིན། ཇི་ལྟར་དམངས་གཙོའི་རིན་ཐང་་དང་འདུ་ཤེས་དེ་ཚན་རིག་ནུས་ལྡན་གྱི་ལམ་ལུགས་བཀོད་སྒྲིག་ཏུ་རིམ་སྒྱུར་བྱེད་དགོས་པ་དང་། ཞིབ་ཕྲའི་དོན་དངོས་ཅན་གྱི་དམངས་གཙོའི་ལག་ལེན་དུ་རིམ་སྒྱུར་བྱེད་དགོས་ཤེ་ན། དེ་ནི་ལོ་རྒྱུས་དང་དོན་དངོས། གཞུང་ལུགས་དང་ལག་ལེན། ཆགས་ཚུལ་དང་ནང་དོན་གྱི་སྐྱེ་ལྡན་གཅིག་གྱུར་ལ་གཙིགས་ཆེན་བྱས་ཏེ། ཡང་དག་གི་སྒྲིག་གཞི་དང་ནང་རྐྱེན། དེ་མིན་བྱེད་ཐབས་དང་བྱ་ཐབས་རྙེད་དགོས། ཆབ་སྲིད་ལམ་ལུགས་ནི་ཆབ་སྲིད་འབྲེལ་བ་སྙོམས་སྒྲིག་དང་། ཆབ་སྲིད་སྒྲིག་ལམ་འཛུགས་པ། རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་བརྟན་བརླིང་ལ་སྲུང་སྐྱོང་བྱེད་པ་ཡིན་ཏེ། ངེས་གཏན་གྱི་སྤྱི་ཚོགས་ཆབ་སྲིད་ཀྱི་ཆ་རྐྱེན་དང་ཁ་བྲལ་ཏེ་རང་སྣང་གིས་ཤན་འབྱེད་བྱ་མི་རུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གཏིང་ཟབ་གནང་སྟེ། རྒྱལ་ཁབ་ཞིག་གི་ཆབ་སྲིད་ལམ་ལུགས་དེ་དམངས་གཙོ་ཡིན་མིན་དང་། ནུས་ལྡན་ཡིན་མིན་ལ་གདེང་འཇོག་བྱེད་དགོས་ན། གཙོ་བོར་རྒྱལ་ཁབ་དབུ་ཁྲིད་རིམ་པ་ཁྲིམས་ལྟར་རིམ་ལྡན་ངང་བརྗེ་རེས་བྱ་ཐུབ་མིན་ལ་ལྟ་དགོས་པ་དང་། མི་དམངས་ཡོངས་ཀྱིས་ཁྲིམས་ལྟར་རྒྱལ་ཁབ་ཀྱི་ལས་དོན་དང་སྤྱི་ཚོགས་ཀྱི་ལས་དོན། དཔལ་འབྱོར་དང་རིག་གནས་བྱ་བཞག་དོ་དམ་ཐུབ་མིན། མི་དམངས་མང་ཚོགས་ཀྱིས་ཕན་ནུས་ཀྱི་འདོད་བློ་བཀག་རྒྱ་མེད་པར་འདོན་ཐུབ་མིན། སྤྱི་ཚོགས་ཀྱི་ཕྱོགས་སོ་སོས་ནུས་ལྡན་ངང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བར་ཞུགས་ཐུབ་མིན། རྒྱལ་ཁབ་ཀྱི་ཇུས་ཆོད་ཚན་རིག་ཅན་དང་དམངས་གཙོ་ཅན་དུ་མངོན་འགྱུར་བྱ་ཐུབ་མིན། ཕྱོགས་སོ་སོའི་ཤེས་ལྡན་མི་སྣས་དྲང་བཞག་གི་འགྲན་རྩོད་བརྒྱུད་དེ་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་དོ་དམ་མ་ལག་ཏུ་འཛུལ་ཐུབ་མིན། སྲིད་འཛིན་ཏང་གིས་བཅའ་ཁྲིམས་དང་ཁྲིམས་ལུགས་ཀྱི་གཏན་འབེབས་ལྟར་རྒྱལ་ཁབ་ཀྱི་ལས་དོན་ཀྱི་དབུ་ཁྲིད་མངོན་འགྱུར་བྱ་ཐུབ་མིན། དབང་ཆ་བེད་སྤྱོད་ནུས་ལྡན་ངང་ཚོད་འཛིན་དང་ལྟ་སྐུལ་ཐུབ་མིན་བཅས་ལ་རེག་ལས།
        དམངས་གཙོ་ནི་རྒྱན་ཆས་དང་ངོམ་ཆས་མིན་པར། དེ་ནི་མི་དམངས་ཀྱི་ཐག་གཅོད་བྱེད་དགོས་པའི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཡིན། རྒྱལ་ཁབ་ཅིག་དམངས་གཙོ་ཡིན་མིན་གཙོ་བོར་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱས་ཡོད་མེད་ལ་ལྟ་དགོས་ཏེ། མི་དམངས་ལ་འདེམས་ཤོག་འཕེན་དབང་ཡོད་མེད་ལ་ལྟ་དགོས་པར་མ་ཟད། མི་དམངས་ལ་ཡོངས་ཁྱབ་ཀྱི་ནང་ཞུགས་དབང་ཆ་ཡོད་མེད་ལ་ལྟ་དགོས། མི་དམངས་ཀྱི་འདེམས་བསྐོའི་བརྒྱུད་རིམ་ཁྲོད་ངག་ཐོག་གི་ཁས་ལེན་ཅི་འདྲ་ཐོབ་མིན་ལ་ལྟ་དགོས་པར་མ་ཟད། འདེམས་བསྐོ་བྱས་རྗེས་ཁས་ལེན་འདི་དག་མངོན་འགྱུར་ག་ཚོད་བྱས་ཐུབ་པར་ལྟ་དགོས། ལམ་ལུགས་དང་ཁྲིམས་ལུགས་ཀྱིས་ཆབ་སྲིད་གོ་རིམ་དང་ཆབ་སྲིད་སྒྲིག་སྲོལ་ཅི་འདྲ་ཞིག་གཏན་འབེབས་བྱས་ཡོད་པར་ལྟ་དགོས་པར་མ་ཟད། ལམ་ལུགས་དང་ཁྲིམས་ལུགས་འདི་དག་དངོས་སུ་ལག་བསྟར་བྱས་མིན་ལ་ལྟ་དགོས། དབང་ཆའི་འཁོར་རྒྱུག་སྒྲིག་སྲོལ་དང་གོ་རིམ་དེ་དམངས་གཙོ་ཡིན་མིན་ལ་ལྟ་དགོས་པར་མ་ཟད། དབང་ཆ་ལ་མི་དམངས་ཀྱིས་ལྟ་སྐུལ་དང་ཚོད་འཛིན་དངོས་སུ་ཐེབས་མིན་ལ་ལྟ་དགོས། གལ་སྲིད་མི་དམངས་འདེམས་ཤོག་འཕེན་སྐབས་གཉིད་ལས་བཀྲོག་ཅིང་། འདེམས་ཤོག་འཕངས་རྗེས་ངལ་གསོའི་རྣམ་པར་གྱུར་བ་དང་། འདེམས་བསྐོ་བྱེད་སྐབས་ཁ་འབོད་གང་ཡག་ལ་ཉན་པ་དང་། འདེམས་བསྐོ་བྱས་རྗེས་སྐད་ཆ་བཤད་དབང་ཅི་ཡང་མེད་པ། ཡང་ན་འདེམས་ཤོག་བསྡུ་སྐབས་དགའ་བསུ་ཆེན་པོ་ཐོབ་པ་དང་། འདེམས་བསྐོ་བྱས་རྗེས་ཟུར་དུ་གཡུགས་པ། འདི་ལྟ་བུའི་དམངས་གཙོ་ནི་དམངས་གཙོ་ངོ་མ་མིན། དམངས་གཙོ་ནི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་དབང་ཆ་ཡིན་པར། རྒྱལ་ཁབ་ཉུང་ཤོས་ཀྱི་ཆེད་དབང་མིན། རྒྱལ་ཁབ་ཅིག་དམངས་གཙོ་ཡིན་མིན་རྒྱལ་ཁབ་དེའི་མི་དམངས་ཀྱིས་ཤན་འབྱེད་བྱེད་དགོས་ཤིང་། ཕྱི་ཕྱོགས་ཀྱི་མི་ཉུང་ཤོས་ཤིག་གིས་རྐང་བརྡ་ལག་བརྡ་བྱེད་བཞིན་ཤན་འབྱེད་བྱེད་མི་རུང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱལ་ཁབ་གང་ཞིག་དམངས་གཙོ་ཡིན་མིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་ངང་ཤན་འབྱེད་བྱེད་དགོས་ཤིང་། རང་ཤེད་ཚ་པོའི་རྒྱལ་ཁབ་ཉུང་ཤོས་ཤིག་གིས་ཤན་འབྱེད་བྱེད་མི་རུང་། དམངས་གཙོ་མངོན་འགྱུར་བྱ་བར་བྱེད་ཐབས་གང་མང་ཡོད་དེ། ནད་བརྒྱ་སྨན་གཅིག་ཙམ་ག་ལ་ཡིན། སྣ་རྐྱང་གི་ཚད་ཁྲེ་ལས་འཛམ་གླིང་གི་ཕུན་སུམ་ཚོགས་པའི་ཆབ་སྲིད་ཀྱི་ལམ་ལུགས་ལ་ཚད་འཇལ་དང་། མིག་རྒྱང་སྣ་གཅིག་གིས་མིའི་རིགས་ཀྱི་རྣམ་པར་བཀྲ་བའི་ཆབ་སྲིད་ཀྱི་དཔལ་ཡོན་ལ་ཞིབ་ལྟ་བྱེད་པ་ནི་རྩ་བ་ཉིད་ནས་དམངས་གཙོ་མིན།
        ཀྲུང་གོ་གུང་ཁྲན་ཏང་གིས་དུས་དང་རྣམ་པ་ཀུན་དུ་མི་དམངས་དམངས་གཙོའི་དར་ཆ་མཐོན་པོ་བསྒྲེང་ཞིང་། དུས་དང་རྣམ་པ་ཀུན་དུ་གཤམ་གྱི་རྩ་བའི་ལྟ་བ་དག་རྒྱུན་འཁྱོངས་བྱས་པ་རེད། གཅིག་ནི་མི་དམངས་དམངས་གཙོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཚེ་སྲོག་ཡིན་ཏེ། དམངས་གཙོ་མེད་ན་སྤྱི་ཚོགས་རིང་ལུགས་མེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་མེདཔར་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མེད། གཉིས་ནི་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཀྱི་ངོ་བོ་དང་སྲོག་ཤིང་ཡིན་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་གཏོང་བ་ནི་མི་དམངས་ཀྱི་འདོད་བློ་མངོན་པ་དང་། མི་དམངས་ཀྱི་ཁེ་དབང་འགན་སྲུང་བྱེད་པ། མི་དམངས་ཀྱི་གསར་གཏོད་ཀྱི་གསོན་ཤུགས་གཏོད་པ་དང་། ལམ་ལུགས་མ་ལག་གིས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་འགན་སྲུང་བྱེད་དགོས། གསུམ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་ལམ་བུ་ནི་ཀྲུང་གོའི་རྒྱལ་དོན་དང་འཚམ་ཞིང་། མི་དམངས་ཀྱི་རང་ཁྱིམ་རང་བདག་བྱེད་པའི་ཡང་དག་གི་ལམ་བུར་འགན་སྲུང་བྱེད་པ། དེ་ནི་ཉེ་རབས་ཚུན་གྱི་ཀྲུང་གོ་མི་དམངས་ཀྱིས་དུས་ཡུན་རིང་པོའི་འབད་བརྩོན་གྱི་ལོ་རྒྱུས་ཀྱི་གཏན་ཚིགས་དང་། གཞུང་ལུགས་ཀྱི་གཏན་ཚིགས། ལག་ལེན་གྱི་གཏན་ཚིགས་ཀྱི་དགོས་ངེས་ཀྱི་འབྲས་བུ་ཡིན་ཞིང་། ཏང་གི་ངོ་བོའི་རང་བཞིན་རྒྱུན་འཁྱོངས་དང་། ཏང་གི་རྩ་བའི་སྙིང་དོན་ལག་ལེན་བསྟར་བའི་དགོས་ངེས་ཀྱི་བླང་བྱ་ཡིན། བཞི་ནི་མི་དམངས་ཀྱིས་འདེམས་བསྐོ་དང་འདེམས་ཤོག་འཕེན་པར་བརྒྱུད་དབང་ཆ་བེད་སྤྱད་བྱེད་པ་དང་། མི་དམངས་ནང་ཁུལ་གྱི་ཕྱོགས་སོ་སོས་ཇུས་ཆོད་གལ་ཆེན་མ་བྱས་སྔོན་གྲོས་འཆམ་འཐུས་ཚང་བྱས་ཏེ། ཐུན་མོང་རང་བཞིན་གྱི་གནད་དོན་ཐད་ནས་བསམ་འཆར་གང་ཐུབ་ཀྱིས་གཅིག་མཐུན་བྱེད་པ་དང་། ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་གལ་ཆེའི་རྣམ་པ་རིགས་གཉིས་ཡིན་པར། ཐུན་མོང་ངང་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཀྱི་ལམ་ལུགས་ཁྱད་ཆོས་ཀྱི་ལེགས་ཆ་གྲུབ་ཡོད། ལྔ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་གཏོང་བ་ལ་གཙོ་བོར་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཀྱི་ལེགས་ཆ་འཐུས་སྒོ་ཚང་བའི་ངང་འདོན་སྤེལ་བྱས་ཏེ། རྒྱུན་ཆད་མེད་པར་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་དུ་སྐུལ་སྤེལ་བཏང་ནས། ཏང་དང་རྒྱལ་ཁབ་ཀྱི་འབྱོར་ཕྱུག་དར་རྒྱས་དང་། ཡུན་རིང་བདེ་འཁོད་ཀྱི་ཆེད་དུ་སྔར་ལས་ཆ་ཚང་བའི་ལམ་ལུགས་ཀྱི་འགན་སྲུང་མཁོ་འདོན་བྱེད་དགོས། རྩ་བའི་ལྟ་བ་འདི་དག་ནི་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཛུགས་སྐྲུན་ལ་ཕྱོགས་བསྡོམས་གཏིང་ཟབ་བྱས་པ་ཡིན་ཞིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཀྱི་ཡང་སྙིང་དང་། གཞུང་ལུགས་ཀྱི་ཡང་སྙིང་། ལག་ལེན་གྱི་ཡང་སྙིང་ཕུན་སུམ་ཇེ་ཚོགས་དང་རྒྱ་བསྐྱེད་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་ལམ་བུ་རྒྱུན་འཁྱོངས་བྱེད་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་བཏོན་ཡོད། 
        མི་དམངས་དམངས་གཙོ་ནི་བརྒྱུད་རིམ་ཧྲིལ་པོའི་དམངས་གཙོ་ཡིན། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ནི་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་དང་དགོས་ངེས་ཀྱི་ཐབས་ལམ་ཡིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་ནས་བཟུང་། ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་། ཀྲུང་ཧྭ་མི་རིགས་ལ་རླབས་ཆེའི་བསྐྱར་དར་བྱ་རྒྱུ་དེ་རང་ཉིད་ཀྱི་ཐོག་མའི་སེམས་འདུན་དང་འགན་འཁྲི་བྱས་ཏེ། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་མངོན་འགྱུར་བྱ་ཆེད་འཚོལ་སྙེག་དང་ཧུར་ཐག་ལྷོད་མེད་གནང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གི་དབུ་ཁྲིད་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་ལེགས་པོ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་མ་ལག་འཐུས་ཚང་གཏོང་བ། མི་དམངས་དམངས་གཙོའི་འཕེལ་རྒྱས་སྔར་བས་རྒྱ་ཆེ་ཞིང་། སྔར་བས་འཐུས་སྒོ་ཚང་བ། སྔར་བས་ཆ་ཚང་བར་སྐུལ་འདེད་བཏང་སྟེ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་འཐུས་ཚང་དུ་བཏང་ནས། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ལ་གསོན་ཤུགས་ལྡན་པར་བྱས་ཡོད། 
        ལག་ལེན་གྱིས་ར་སྤྲོད་འཐུས་ཚང་བཏོན་པར། ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ནི་སྐྱེ་སྟོབས་ཆེན་པོ་ལྡན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་རང་རྟོན་སྲ་བརྟན་བྱ་བར། ཐོག་མར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལམ་ལུགས་ཀྱི་རང་རྟོན་སྲ་བརྟན་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ཀྱི་འཕེལ་རྒྱས་ཀྱི་ལམ་བུའི་ཡིད་ཆེས་དང་ཆོད་སེམས་བརྟན་པོ་གཏོང་དགོས། མདུན་སྐྱོད་ཀྱི་ལམ་བུའི་ཁྲོད། ང་ཚོས་བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ཀྱི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དེ། རྒྱུན་ཆད་མེད་པར་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཛུགས་སྐྲུན་ལ་སྐུལ་སྤེལ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ཀྱི་དཔལ་ཡོན་འཕེལ་རྒྱས་བཏང་ནས། རྒྱུན་ཆད་མེད་པར་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་དགོས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དབུ་ཁྲིད་ནན་མོའི་འོག །བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ཀྱི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པ་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ནི་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་བ་དང་འཕེལ་རྒྱས་གཏོང་སྲིད་ཅིང་། ཉིན་རེ་ནས་ཉིན་རེ་བཞིན་གསོན་ཤུགས་རྒྱས་ཏེ། མིའི་རིགས་ཀྱི་ཆབ་སྲིད་དཔལ་ཡོན་གོང་འཕེལ་གྱི་ཆེད་དུ་ཀྲུང་གོའི་ཤེས་རིག་གི་ལེགས་སྐྱེས་ཕུལ་ཏེ། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་དམངས་གཙོའི་རྨང་འདིང་འཇོག་སྲིད་དོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1