བོད་ལྗོངས་ཀྱི་བུད་མེད་དང་བྱིས་པའི་བདེ་ཐང་བྱ་གཞག་འཕེལ་རྒྱས་ཀྱི་དུས་མཚམས་གསར་བར་སླེབས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 11-01



           ཚེས26ཉིན་གྱི་སྔ་དྲོར། བོད་ལྗོངས་ཀྱི་དམངས་འཚོའི་རྣམ་གྲངས་གལ་ཆེན་ཡིན་པའི་སི་ཁྲོན་སློབ་ཆེན་ཧྭ་ཞིས་སྨན་ཁང་གཉིས་པའི་བོད་རང་སྐྱོང་ལྗོངས་སྦྲུམ་མ་དང་བྱིས་པའི་སྨན་ཁང་གི་སྒོ་བྱང་འགེལ་བའི་མཛད་སྒོ་དང་། འོས་འགན་སྨན་བཅོས་བྱ་འགུལ་ལྷ་སའི་སྣེའུ་གསར་ཁུལ་དུ་སྤེལ་བ་དང་། དེས་བོད་རང་སྐྱོང་ལྗོངས་ཀྱི་བུད་མེད་དང་བྱིས་པའི་བདེ་ཐང་བྱ་གཞག་འཕེལ་རྒྱས་དུས་མཚམས་གསར་བར་སླེབས་པ་མཚོན་ཡོད་ལ། ལྗོངས་ཡོངས་ཀྱི་བུད་མེད་དང་བྱིས་པའི་ཚེ་སྲོག་དང་བདེ་ཐང་སྔར་བས་ལེགས་པའི་སྒོ་ནས་སྲུང་སྐྱོང་བྱ་རྒྱུ་རེད།

            ཤེས་གསལ་ལྟར་ན། བོད་རང་སྐྱོང་ལྗོངས་སྦྲུམ་མ་དང་བྱིས་པའི་སྨན་ཁང2016ལོར་ལས་མགོ་ཚུགས་པ་ནས་བཟུང་། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་ཁག་གིས་རྒྱབ་སྐྱོར་ཤུགས་ཆེན་བྱས་ཤིང་། རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར6བཏང་བའི་རྨང་གཞིའི་ཐོག སྔ་རྗེས་སུ་ཆེད་དོན་མ་དངུལ་སྒོར་དུང་ཕྱུར4ལྷག་བཏང་ནས་སྨན་ཁང་ལ་སྔོན་ཐོན་གྱི་སྨན་བཅོས་སྒྲིག་ཆས་བཀོད་སྒྲིག་བྱས་པ་མ་ཟད། དམིགས་བསལ་གྱི་ནོར་སྲིད་འགན་ལེན་སྲིད་ཇུས་ཀྱང་བཟོས་པ་རེད།
            ད་ལོའི་ཟླ3པར། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་དེ། རང་སྐྱོང་ལྗོངས་སྦྲུམ་མ་དང་བྱིས་པའི་སྨན་ཁང་ཞིང་ཆེན་དང་པུའུ་ཡིས་མཉམ་སྐྲུན་བྱ་རྒྱུ་དེ་ནང་དོན་གལ་ཆེན་དུ་བརྩི་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་རེད། སི་ཁྲོན་སློབ་ཆེན་ཧྭ་ཞིས་སྨན་ཁང་གཉིས་པས་རང་ངོས་ཀྱི་རོགས་སྐྱོར་ལས་འགན་ལྕི་བའི་གནས་ཚུལ་འོག ཆུ་ཚད་མཐོ་བའི་དོ་དམ་དང་རིགས་གཅིག་ཆེད་མཁས་པའི་ཚོགས་པ་བོད་ལྗོངས་བུད་མེད་དང་བྱིས་པའི་སྨན་ཁང་དུ་མངགས་སྟེ། འཕེལ་རྒྱས་འཆར་འགོད་ཀྱི་རྩེ་རིམ་ཇུས་འགོད་དང་། རིག་ཚན་བཀོད་སྒྲིག སྨན་བཅོས་ཞབས་ཞུ། ལམ་ལུགས་ཚད་ལྡན། གཉེར་སྐྱོང་དོ་དམ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་རྟོག་ཞིབ་གཏིང་ཟབ་སྤེལ་བ་དང་། ཚན་རིག་དང་མཐུན་པའི་ཇུས་འགོད་བྱས་པ་དང་འབྲེལ་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་བ་རེད།

            སི་ཁྲོན་སློབ་ཆེན་ཧྭ་ཞིས་སྨན་ཁང་གཉིས་པས་བོད་རང་སྐྱོང་ལྗོངས་སྦྲུམ་མ་དང་བྱིས་པའི་སྨན་ཁང་དུ་ཡུན་རིང་བཅའ་སྡོད་ལས་བྱེད་པའི་དོ་དམ་ཚོགས་པ13དང་། ཡོན་ཀྲང་དང་ཧྲུའུ་ཅི་གཙོ་བོར་བྱས་པའི་ཚོགས་པ31ཉིན་དེའི་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས་པ་རེད། སྒོ་བྱང་འགེལ་བའི་མཛད་སྒོ་མཇུག་འགྲིལ་རྗེས། ཧྭ་ཞིས་སྨན་ཁང་གཉིས་པའི་ཆེད་མཁས་པ20ཡིས་ས་གནས་དེ་གའི་མང་ཚོགས་ལ་བྱིས་ནད་ཚན་ཁག་དང་མོ་ནད་ཚན་ཁག རྒྱུད་ཁྲིད་གསོ་རིག་ཚན་ཁག སྐྱེ་འཕེལ་གསོ་རིག་རིག་ཚན་སོགས་ཚུད་པའི་འོས་འགན་སྨན་བཅོས་བྱ་འགུལ་སྤེལ་བ་རེད།

            ཤེས་གསལ་ལྟར་ན། བོད་རང་སྐྱོང་ལྗོངས་སྦྲུམ་མ་དང་བྱིས་པའི་སྨན་ཁང2016ལོར་སྐྲུན་མགོ་ཚུགས་པ་དང་། 2020ལོའི་ཟླ10པར་སྤྱོད་མགོ་ཚུགས་པ་ནས་བཟུང་། སྔ་རྗེས་སུ་བུ་བཙའི་ཚན་ཁག་དང་མ་བུ་བདེ་སྲུང་ཚན་ཁག བྱིས་ནད་ཚན་ཁག བྱིས་པའི་བདེ་སྲུང་ཚན་ཁག་བཅས་དང་དེ་བཞིན་བདེ་ཐང་དྲིལ་སྒྲོག་སློབ་གསོའི་ལྟེ་གནས་བཙུགས་ནས། དེ་སྔའི་རང་སྐྱོང་ལྗོངས་མ་བུ་བདེ་སྲུང་ཁང་གི་ལས་སྒོ་ཚང་མ་རིམ་བཞིན་དང་ལེན་བྱས་པ་དང་། ལྗོངས་ཡོངས་ཀྱི་མ་བུ་བདེ་ཐང་ལྟ་ཞིབ་ཚད་ལེན་ལྟེ་གནས་བཙུགས་ཏེ་ལྗོངས་ཡོངས་ཀྱི་པྲོག་གསར་རིམས་འགོག་སྨན་ཁབ་རྒྱག་ཡུལ་ཆེ་ཤོས་སུ་གྱུར་ཡོད།  །

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1