༄༅།། གཙང་གསུམ་འབྱུང་ཡུལ་དུ་རྒྱལ་ཁབ་སྤྱི་གླིང་གི་མ་དཔེ་བསྐྲུན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 11-01



སྒྲིག་སྲོལ་གསར་གཏོད་བྱས་ནས“དོན་དག་གཅིག་ལ་སྡེ་ཁག་མང་པོས་དོ་དམ་བྱེད་པའི”རྣམ་པ་བསྒྱུར་བ།

        2016ལོའི་ཟླ3པའི་ཚེས5ཉིན། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཇུས་གཞི》དཔར་འགྲེམས་བྱས་ཤིང་། གཙང་གསུམ་འབྱུང་ཡུལ་ནི་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པའི་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་བྱེད་ཡུལ་དང་པོར་གྱུར།
        2016ལོའི་ཟླ3པའི་ཚེས10ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ནན་གྱིས་བསྟན་དོན། “སྤྱི་ལེ་གྲུ་བཞི་མ་ཁྲི12ལས་བརྒལ་བའི་གཙང་གསུམ་འབྱུང་ཡུལ་ས་ཁུལ་དུ་སྒྲིག་སྲོལ་ཡོངས་རྫོགས་གསར་པ་ཡིན་པའི་རྒྱལ་ཁབ་སྤྱི་གླིང་ཚོད་ལྟའི་ལས་དོན་སྤེལ་ཏེ།‘དོན་དག་གཅིག་ལ་སྡེ་ཁག་མང་པོས་དོ་དམ་བྱེད་པ’ལ་འགྱུར་ལྡོག་བཏང་ཞིང་། ‘གཅིག་གྱུར་དུ་སྤྱོད་པ་གཉིས’མངོན་འགྱུར་བྱས་ཏེ། ལམ་བུ་ཞིག་བཏོད་པར་འབད་བརྩོན་བྱས་པ་ལས། བཅོས་བསྒྱུར་དང་ཁག་ཁུར་གྱི་སྙིང་སྟོབས་མངོན་ཡོད། ཚོད་ལྟའི་ལས་དོན་འདི་མགོ་ཡག་པོ་རྩོམ་དགོས་པ་དང་། ལག་བསྟར་བཟང་པོ་བྱེད་པ། འཁྱགས་ཀྲུང་གངས་རི་དང་། གཙང་པོའི་ཆུ་རྒྱུན། མཚེའུ་དང་བརླན་ས། མཐོ་སའི་སྤང་ལྗོངས་སོགས་མགོ་ཁུངས་ས་ཁུལ་གྱི་སྐྱེ་ཁམས་མ་ལག་ལ་སྲུང་སྐྱོབ་བྱེད་དགོས་པ་དང་། འདྲ་བཤུས་དང་ཁྱབ་སྤེལ་གཏོང་ཆོག་པའི་སྲུང་སྐྱོབ་དོ་དམ་ཉམས་མྱོང་གསོག་འཇོག་བྱས་ཏེ། མི་དང་རང་བྱུང་འཆམ་མཐུན་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཧུར་ཐག་གཏོང་དགོས།”
        གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ལས་དོན་ནི། རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བའི་གསར་གཏོད་གལ་ཆེན་ཞིག་དང་བཅོས་བསྒྱུར་གལ་ཆེན་ཞིག་ཡིན། བཅོས་བསྒྱུར་ཞིག་ཡིན་ཕྱིན། སྔོན་ཆད་ཀྱི“དོན་དག་གཅིག་ལ་སྡེ་ཁག་མང་པོས་དོ་དམ་བྱེད་པ”ཡི་རྣམ་པ་དེ་གཏོར་དགོས་པ་དང་། “ཁ་ཐོར་ཅན”གྱི་གནད་དོན་ལ་ཁྲིམས་བསྟར་ལྟ་སྐུལ་དོ་དམ་བྱས་ཏེ། “དོན་དག་གཅིག་ལ་སྡེ་ཁག་གཅིག་གིས་དོ་དམ་བྱེད་པ”ཡི་སྒྲིག་སྲོལ་ཚོད་ལྟའི་དམིགས་འབེན་དངོས་གནས་མངོན་འགྱུར་བྱུང་།

དུས་དེ་རིང་ལ་སླེབས་དུས། ང་ཚོས་དགའ་འོས་པའི་ངང་མཐོང་ཐུབ་པ་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་འགན31ཡོངས་སུ་འགྲུབ་པ་དང་། སྒྲིག་སྲོལ་ནང་རྐྱེན་གསར་གཏོད་དང་། སྲིད་ཇུས་ལམ་ལུགས་མ་ལག་འཐུས་ཚང་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། དམངས་འཚོ་ལེགས་བསྒྱུར་འགན་སྲུང་སོགས་ཁྱབ་ཁོངས་གཙོ་བོ་དང་གནད་འགག་ལྷུ་ཚིགས་ལ་གྲུབ་འབྲས་གལ་ཆེན་ཐོབ་ཡོད་ལ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་འདུ་ཤེས་ཆེན་མོ9བཙུགས་ཏེ། དོ་དམ་མ་ལག15ཐོག་མར་གྲུབ་པ་དང་།“རྒྱལ་སྤྱིའི་ཉམས་མྱོང་ལ་དཔེ་ལྟ་དང་། ཀྲུང་གོའི་རྒྱལ་ཁབ་གནས་བབ་དང་མཐུན་པ། གཙང་གསུམ་འབྱུང་ཡུལ་གྱི་ཁྱད་ཆོས་འཛོམས་པ”བཅས་ཀྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ལམ་བུ་ཞིག་ཏུ་བསྐྱོད་ཡོད།

མཉམ་སྐྲུན་མཉམ་སྐྱོང་བྱས་ཏེ་ལྗང་མདོག་སྲུང་ཡོལ་བརྟན་པོ་བཟོ་བ།
        རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་བྱེད་ཡུལ་བཅུ་ཡི་ཁྲོད། མཚོ་སྔོན་ནི་རྒྱལ་ཁབ་སྤྱི་གླིང་གཉིས(གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དང་། མདོ་ལ་རིང་མོོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ས་ཁུལ)ཀྱི་སྒྲིག་སྲོལ་ཚོད་ལྟ་བྱེད་ཡུལ་འགན་ལེན་མཁན་ཡིན་ལ། རྒྱལ་ཡོངས་སུ་མཚོ་སྔོན་གཅིག་པུར་མ་གཏོགས་དེ་འདྲ་མེད། རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ལས་དོན་སྤེལ་བའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱིས་ལས་ཁུངས་སྒྲིག་འཛུགས་དང་འགན་ནུས་སྒྲིག་འཛུགས་ལ་དོ་དམ་ལེགས་པོ་བྱས་ཤིང་། ལས་བགོས་འོས་འཚམ་དང་། འགན་དབང་གསལ་པོ། ཕན་ཚུན་རམ་འདེགས་ཀྱི་ཡུན་ཕན་བྱ་བའི་སྒྲིག་སྲོལ་འཐུས་ཚང་དུ་བཏང་བ་དང་། རྒྱལ་སྤྱི་དང་འབྲེལ་མཐུད་བྱེད་པའི་ལས་རིགས་ཅན་གྱི་དོ་དམ་དཔུང་སྡེ་བསྐྲུན།
        ལྷག་པར་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ས་ཁུལ་གྱི་སྒྲིག་སྲོལ་ཚོད་ལྟའི་ཁྲོད། སྐྱེ་ཁམས་སྲུང་སྐྱོབ་མཐོ་ས་དང་། སྐྱེ་ཁམས་ཚན་ཞིབ་མཐོ་ས། སྐྱེ་ཁམས་རིག་གནས་མཐོ་ས་བཅས“མཐོ་ས་གསུམ”བསྐྲུན་པ་དང་། ཞིང་ཆེན་ཡོངས་སུ་རང་བྱུང་སྲུང་སྐྱོབ་ས་ཆར་ཐོག་མར“སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས+”དང་སྡེ་ཁུལ་ཞུགས་ཏེ་མཉམ་སྐྲུན་མཉམ་བདག་མཉམ་སྤྱོད་ཀྱི་རྐྱེན་སྲོལ་བཙུགས་ཤིང་། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་དང་ཏང་ཡོན་གྱི་ཁྲིད་སྟོན་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་ཡོན་དང་མང་ཚོགས་ཀྱིས་འོས་འགན་དྲིལ་སྒྲོག་བྱེད་པ་དང་། “དཔུང་སྡེ་གཉིས”སྲུང་སྐྱོབ་བྱེད་པའི་རྣམ་པ་བསྐྲུན་ཞིང་།“སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས+”དང་འབྲེལ་གཏུག་སྡེ་བའི་འགན་ལེན་མཁན་གཉིས་ཀྱིས་མཉམ་སྐྲུན་བྱེད་པའི་བྱ་བའི་ནང་རྐྱེན་ཁྱབ་སྤེལ་བཏང་།
        ཞིང་ཆེན་ཡོངས་ཀྱི་ནགས་རྩྭ་བརྡ་འཕྲིན་ཅན་གྱི་ལྟེ་གནས་བཙུགས་ཏེ། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གཞི་གྲངས་ཆེན་མོའི་ལྟེ་གནས་མྱུར་དུ་བཙུགས་ཤིང་། “བར་སྣང་དང་ས་གཞི་གཞི་གཅིག་ཅན”གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་དྲ་རྒྱ་བསྐྲུན་ཏེ། རང་བྱུང་ཐོན་ཁུངས་ཀྱི་རྨང་གཞིའི་གཞི་གྲངས་མཛོད་དང་བསྡོམས་རྩིས་དབྱེ་ཞིབ་སྟེགས་བུ་བསྐྲུན།
        གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་གྱི་དུས་རིམ་དང་པོ་དང་གཉིས་པ་དང་། མདོ་ལ་རིང་མོའི་རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་བཟོ་འགོད་ལག་ཏུ་བསྟར་བས། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཀ་མཐོར་འདེགས་བྱུང་བ་དང་། སྐྱེ་ཁམས་བྱེད་ནུས་ཇེ་བརྟན་དུ་གྱུར་པ། ཆུ་ཁོངས་གསོག་སྐྱིལ་ཚད་ཀྱི་ལོ་རེའི་ཆ་སྙོམས་འཕར་ཚད6%གི་ཡན་ལ་སླེབས་ཤིང་། རྩྭ་སའི་ཁེབས་ཚད་དང་། རྩྭའི་ཐོན་ཚད་སོ་སོ་ལོ་བཅུའི་སྔོན་ལས11%དང30%ཡན་དུ་མཐོར་འདེགས་བྱུང་བ་དང་། རི་སྐྱེས་སྲོག་ཆགས་མངོན་གསལ་གྱིས་ཇེ་མང་དུ་གྱུར་ཏེ། གཙོད་ཀྱི་ཁ་གྲངས་ཁྲི7ལ་སླར་གསོ་བྱུང་ཡོད།

སྐྱེ་ཁམས་སྲུང་སྐྱོབ་བྱས་ཏེ་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་བྱུང་བ།
        རྒྱལ་ཁབ་སྤྱི་གླིང་གི་ཁྱབ་ཁོངས་སུ། ས་ཁོངས་དུ་མ་ཞིག་ནི་ཐོག་མའི་སྡོད་དམངས་ལ་བསྐྱུར་ཏེ། གཞི་རྩའི་འཚོ་བ་དང་སྲོལ་རྒྱུན་ཞིང་ཕྱུགས་ལས་སྤེལ་བའི་ཕྱོགས་སུ་བཀོལ་ལ། ཐོག་མའི་སྡོད་དམངས་འདི་དག་ནི་མི་རབས་ནས་མི་རབས་བར་སྤྱི་གླིང་ནང་འཚོ་བ་རོལ་བ་དང་། སྤྱི་གླིང་ནང་ལས་ཀ་སྒྲུབ་པ། དུས་མཚུངས་སུ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་སྲུང་སྐྱོབ་དང་དོ་དམ་ཁྲོད་ཞུགས་པས། ཁོ་ཚོ་ནི་རྒྱལ་ཁབ་སྤྱི་གླིང་གི་མིང་དོན་དང་མཚུངས་པའི“བདག་པོ”ཡིན།
        གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དེ་ཞང་དང་གྲོང་རྡལ12དང་སྲིད་འཛིན་སྡེ་བ53ལ་ཁྱབ་ཡོད་ཅིང་། དེའི་ནང་ཁྱིམ་ཚང19109དང་། མི་གྲངས72074ཡོད་པ་དེ་གཞི་རྩའི་ཐོག“ཐོར་སྡོད་ཆེ་བ་དང་། འདུས་སྡོད་ཆུང་བ”ཡི་གཏན་སྡོད་རྣམ་པ་གྲུབ་ཡོད།
        མིག་སྔའི་བར། རྒྱལ་ཁབ་སྤྱི་གླིང་ནང་ཁྱོན་བསྡོམས་སྐྱེ་ཁམས་བདག་སྐྱོང་པ17211ཡོད་ལ། སྐྱེ་ཁམས་བདག་སྐྱོང་སྤྱི་ཕན་ལས་གནས“ཁྱིམ་ཚང་གཅིག་ལ་ལས་གནས་གཅིག”མངོན་འགྱུར་བྱས་ཡོད།
        ལོ་ངོ་དྲུག་གི་རིང་ལ། སྐྱེ་ཁམས་བདག་སྐྱོང་པས་ཉིན་མཚན་དབྱེར་མེད་དུ་ནགས་ཚལ་དང་རྩྭ་ཐང་བརླན་ས་བྱེ་ཐང་བཅས་སྲུང་སྐྱོབ་བྱས་ཏེ། སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱས་ཤིང་། ཁོ་ཚོའི་འགྱུར་མེད་ཀྱི་གྲིབ་གཟུགས་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་མིང་བྱང་ཡག་པོར་གྱུར།
        དུས་མཚུངས་སུ། མཚོ་སྔོན་གྱིས་སྐྱེ་ཁམས་བདག་སྐྱོང་སྤྱི་ཕན་ལས་གནས་དོ་དམ་འཐུས་ཚང་དུ་བཏང་སྟེ་སྐྱེ་ཁམས་བདག་སྐྱོང་པའི་འགུལ་རྣམ་བརྡ་འཕྲིན་དོ་དམ་གཞི་གྲངས་མཛོད་བཙུགས་ཏེ། གླིང་ཁུལ་ནང་གི་སྐྱེ་ཁམས་བདག་སྐྱོང་པ་དབྱེ་འབྱེད་དང་། དོ་དམ། དཔྱད་ཞིབ། གསོ་སྦྱོང་སོགས་ཡོད་ཚད་གཞི་གྲངས་མཛོད་ནང་བཅུག་སྟེ། སྐྱེ་ཁམས་བདག་སྐྱོང་པར་བརྡ་འཕྲིན་ཅན་གྱི་དོ་དམ་བྱེད་པ་ཐོག་མར་མངོན་འགྱུར་བྱུང་།
        མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཡོང་བར། ད་དུང་རྩོད་སྒྲུབ་ཀྱི་སྒོ་ནས་སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས་བར་གྱི་གནད་དོན་ཐག་གཅོད་དགོས། དེའི་ཆེད་དུ། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་སུ་ཐོག་མར《གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་ཁ་གསབ་ནང་རྐྱེན་འཚོལ་ཞིབ་འཛུགས་སྐྲུན་སྐོར་གྱི་བསམ་ཚུལ་འགའ》གཏན་འབེབས་བྱས་ཏེ། 2006ལོ་ནས་གཙང་གསུམ་འབྱུང་ཡུལ་ས་ཁུལ་གཙོ་བོའིGDPདཔྱད་ཞིབ་མེད་པར་བཟོས་ཤིང་། སྐྱེ་ཁམས་ཁ་གསབ་སྲིད་ཇུས་དོན་ཚན11གཏན་འཁེལ་བྱས།
        དེ་རིང་གི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནང་དུ། འབྲོག་པ་མང་ཚོགས་རང་འགུལ་ངང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྲོད་ཞུགས་བཞིན་ཡོད་ལ། སྐྱེ་ཁམས་བདག་སྐྱོང་གི“ཁེ་སྤོགས”རེ་རེ་ལོངས་སུ་སྤྱོད་བཞིན། སྐྱེ་ཁམས་དང་ཐོན་སྐྱེད་དང་འཚོ་བ་བཅས་འཁོར་རྒྱུག་བཟང་ཕྱོགས་སུ་འཕེལ་ནས། གཙང་གསུམ་འབྱུང་ཡུལ་ནི་རི་སྐྱེས་སྲོག་ཆགས་ཀྱི་ཞིང་ཁམས་ཤིག་ཏུ་འགྱུར་བཞིན་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1