༄༅།། མཚོ་སྔོན་པོར་ལྟ་སྐོར་དུ་བསྐྱོད་པའི་རེག་ཟིག

སྟག་རིག་འབྲུག་ཐར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 11-01



མཚོ་ལྷོ། སྟག་རིག་འབྲུག་ཐར།
        སྐྱ་རེངས་ཐོག་མ་འགྱོག་དུས་རྒྱུས་ཡོད་ཀྱི་བྱེའུ་སྐད་ཅིག་གིས་གཉིད་ལས་བསླངས་སོང་། སེམས་སུ་སྦྲུམ་པའི་ཡུལ་སྐོར་འཆར་གཞི་དང་ཨ་སྔོན་གཡའ་དག་པའི་ནམ་ཟླ་བཟང་པོའི་རྐྱེན་བྱས། ད་ནངས་གློ་བུར་དུ་གྲ་སྒྲིག་ཨང་གསར་བགྱིས་ཏེ་ཕ་ཡུལ་ཁྲི་ཀ་ནས་མཚོ་ཆེན་ཁྲི་ཤོར་རྒྱལ་མོར་ལྟ་སྐོར་དུ་བསྐྱོད་པའི་འགྲུལ་བཞུད་ཀྱི་མགོ་བརྩམས།
        རིག་སྨོན་ནས་ལམ་ལ་ཆས་དུས་རླངས་འཁོར་སྣ་ཚོགས་ཀྱི་བགྲོད་པ་ཆུ་མོ་བཞུར་བའི་ཟོལ་གྱིས་ནག་ཤ་རེར་བརྐྱངས་པའི་སྣུམ་ལམ་དུ་འཚང་ཁ་ཤིག་ཤིག་ཏུ་འདུར། དབྱར་ཕ་མ་འདྲ་བོ་སླེབས་མ་ཐག ཕྱོགས་བཞི་མཚམས་བརྒྱད་ཀྱི་མགྲོན་པོ་ཀུན་སུ་ཞིག་གིས་མངག་བཅོལ་གནང་བ་ལྟར་མ་བགྲོས་གཅིག་མཐུན་དུ་བླ་མཚོ་ཕྱུག་མོའི་ཕྱོགས་སུ་བསྐྱོད། མཚོ་སྔོན་པོའི་འགྲམ་རྒྱུད་དུ་མ་སླེབས་གོང་གཞུང་ལམ་གྱི་གཡས་གཞོགས་འཛིན་མའི་ཁྱོན་གསེར་ཆུ་བྱུགས་པ་ལྟ་བུའི་ལོག་དཀར་མེ་ཏོག་བཀད་པའི་རྣང་ཞིང་ནི་འབྱམས་ཀླས་མིག་གི་མཐོང་ཚད་དུ་ཧྲིལ་གྱིས་ཁེབས་འདུག་པས་རང་ཉིད་མེ་ཏོག་གི་རྒྱ་མཚོའི་འཇིངས་སུ་བྱིང་འདྲའི་ཚོར་བ་སྦྱིན་འོངས་ཤིང་། འགྲུལ་པ་རྣམས་ཀྱིས་ཀྱང་ལོག་དཀར་མེ་ཏོག་རྒྱབ་ལྗོངས་བྱས་ཏེ་པར་བསྐྱོན་པའམ་གྱི་ལིང་རྟ་ཕོ་དང་གནག་མོ་ནོར་ལ་སྒ་ཆ་ཕྲ་རྒྱན་མ་བརྒྱབ་སྟེ་ཡུལ་སྐོར་བའི་ཚོགས་གཅིག་འཕྲོར་གཅིག་ཏུ་པར་བརྡབས་པའམ་སྨི་ལྔ་བརྒྱའི་མཚམས་ལ་བསྐོར་བ་བརྒྱབ་སྟེ་འདྲིས་ཆ་མེད་པའི་རྟ་ནོར་ལ་བཅིབས་པའི་ཚོར་བ་ཐོག་མ་ཉམས་སུ་མྱོང་ཞོར་དགའ་སྤྲོས་རབ་ཏུ་མྱོས་འདུག ང་ཚོས་ཉེ་རྒྱང་ནས་མཛེས་སྡུག་གི་ཡུལ་ལྗོངས་ལ་རོལ་མྱོང་བྱེད་ཞོར་དྲན་རྟེན་དུ་པར་འགའ་བརྒྱབ་སྟེ་མུ་མཐུད་དུ་མཚོ་སྔོན་པོའི་ཕྱོགས་སུ་བསྐྱོད། གཞུང་ལམ་སྟེང་བགྲོད་སྐབས་འདྲེན་བྱེད་མིག་གི་མཐོང་ལམ་དུ་སྨུག་སྤྲིན་དཀར་པོའི་ན་བཟའ་གསོལ་བའི་བརྗིད་ཆགས་ཟིལ་རྔམ་བཀྲ་བའི་བློན་པོ་གསེར་ཆེན་གྱི་རི་རྒྱུད་སོ་ཕྲེང་བཞིན་ཚར་དུ་དངར་བ་མཐོང་འོང་བ་དང་།དམའ་མོའི་གཤོངས་སུ་རམ་དཀར་རྩྭ་མཆོག་ལོངས་སུ་སྤྱོད་པའི་གནག་ཕྱུགས་རྒྱུ་སྐར་ས་ལ་འཕོས་པ་བཞིན་ཅི་དགར་བག་ཡངས་སུ་རྒྱུ་བ་མངོན་ཡོང་། རྐང་ཤུགས་ལ་བརྟེན་པའི་ལྕགས་རྟ་དང་སྦག་སྦག་རྣ་ལ་གཟན་པའི་འཕྲུལ་རྟའི་ཚོགས་བང་གིས་རྒྱུག་པའི་རྟ་མཆོག་གི་རྗེས་སུ་མཐུན། དད་པའི་སྟོབས་ཀྱིས་བསླངས་པའི་རྐང་ཐང་བ་དང་སྨོན་འདུན་གཙང་མ་ཉར་བའི་བརྐྱངས་ཕྱག་འཚལ་མཁན་ཚོས་གོམ་པ་གང་རེའི་རྒྱུན་འཁྱོངས་ཀྱི་བརྩོན་པ་བགོས་ནས་མཚོ་སྔོན་པོར་བསྐོར་བའི་སྙིང་སྟོབས་ནི་ངོ་མཚར་རྨད་དུ་བྱུང་། གོ་ཐོས་སུའང་ལོ་འཁོར་མོ་ཡུག་ཏུ་དད་ལྡན་ཕོ་མོ་རྣམས་དུས་ཚིགས་གང་རུང་དུ་རྐང་ཐང་དང་བརྐྱངས་ཕྱག་འཚལ་ཏེ་བླ་མཚོ་ཕྱུག་མོར་སྐོར་བ་རྒྱག་པ་རྒྱུན་འབྱམས་སུ་གྱུར་ཡོད་སྐད། གཞུང་ལམ་བརྟོལ་ནས་སྐར་མ་ཉི་ཤུ་ལྷག་སོང་བ་ན། གནམ་སྔོན་མདངས་འཛིན་གོས་སྔོན་གསར་པས་དཀྲིས་ཤིང་། སྔོ་བསངས་ལང་ཚོའི་མེ་ལོང་མདུན་ལ་འཁྱིལ་བ་ལྟར་གནམ་སའི་དབྱེ་མཚམས་འབྱེད་དཀའ་བའི་མཚོ་ཆེན་ཁྲི་ཤོར་རྒྱལ་མོ་མིག་གི་རྒྱན་དུ་འཆར་མ་ཐག བྱིས་པ་ཚོས་ཡ་མཚན་པའི་གདངས་ཀྱིས་སྐད་གསང་མཐོན་པོས་རླངས་འཁོར་གྱི་སྒེའུ་ཁུང་ལས་སྐེ་སོ་བྱེད་བཞིན་འདི་འདྲའི་མཚོ་ཆེན་པོ་ཞིག་ད་རག་བར་དུ་རིག་མ་མྱོང་ཞེས་ཧ་ལས་ཤིང་ཧང་སངས་པའི་ངོ་མཚར་གྱི་ལབ་གླེང་ཅི་ཡང་བྱེད། ཐག་ཉེར་བསྐྱོད་པ་དང་བསྟུན་ནས་བཻཌཱུརྱའི་ཞུན་མའི་མདངས་ལྡན་འཆི་མེད་ལྷ་ཡི་ལམ་བཟང་ས་རུ་འཕོས་པ་བཞིན་ལྟ་བས་མཐའ་མི་དཔོག་པར་མེར་གྱིས་འཁྱིལ་པར་དེ་ནི་ལྷོ་འཛམ་བུ་གླིང་གི་དཀྱིལ་འཁོར་དབུས་སུ་སྙན་པའི་གྲགས་པ་གཡུ་འབྲུག་སྟོང་ལྟར་ལྡིར་ཞེས་བསྟོད་ར་འཐེན་པའི་ཚུལ་ལ་སྒྲོ་འདོགས་ཏིལ་ཙམ་ཡང་མེད་པར་སྙམ་ལ། དབང་སྔོན་ཞུན་མའི་དྭངས་མ་འཚེར་བའི་རླབས་གཤོག་སྔོན་མོའི་འགྱུར་ཁུགས་རེ་རེ་ལས་མཚོ་བྱ་སྣ་ཚོགས་ལྡིང་སྐོར་རྒྱག་པའི་མཛེས་ཉམས་ཀྱང་མཐོང་འོངས།
        མཚོ་སྔོན་པོའམ་མཚོ་ཆེན་ཁྲི་ཤོར་རྒྱལ་མོ་ནི་བོད་སྟོད་སྨད་བར་གསུམ་ལས་སྨད་ཨ་མདོ་ཙོང་ཁའི་ཡུལ་ཁམས་ཀྱི་སའི་ཆར་རམ་ད་ལྟའི་མཚོ་སྔོན་ཞིང་ཆེན་གྱི་ཤར་བྱང་ས་ཁུལ་དུ་ཡོད་ལ། ས་མཚམས་ཀྱི་དབང་དུ་བྱས་ན། ལྷོ་ནུབ་གུང་ཧོ་རྫོང་དང་འདབས་འབྲེལ་ཞིང་། ཤར་བྱང་ཧའེ་ཡན་དང་རྐང་ཚ་རྫོང་གཉིས་ལ་འབྲེལ་ཡོད། མཚོ་ཆེན་འདི་ནི་རང་རྒྱལ་གྱི་ཆེས་ཆེ་བའི་ནང་ལོགས་སྐམ་སའི་ཚྭ་མཚོ་ཡིན་ལ། འཛམ་གླིང་གི་མཚོ་ངོས་ལས་ཆེས་མཐོ་བའི་མཚོ་མོའི་གྲས་ཀྱང་ཡིན།
        ཁྲི་ཤོར་རྒྱལ་མོའི་མིང་ཐོགས་ཚུལ་ལ་ཡོངས་གྲགས་ཀྱི་ངག་རྒྱུན་ཞིག་ཡོད་པ་ནི་དང་ཐོག་ཡུལ་འདི་མཐའ་ཡས་པའི་སྤང་ཐང་ཡིན་ཞིང་། ད་ལྟའི་མཚོ་སྙིང་གི་འགབས་སུ་ཡུལ་དེའི་ཚོ་བ་ཞིག་གི་འཐུང་ཆུ་ལེན་སའི་དོང་ཆུའམ་ཆུ་མིག་ཅིག་ཡོད། དེར་སུས་ཆུ་བླངས་རྗེས་ངེས་པར་དུ་དོང་ཁ་རྡོ་ལེབ་ཅིག་གིས་འགེབ་དགོས་ཤིང་། མ་བཀབ་ཚེ་ཆུ་འཕྱུར་ནས་ཡུལ་ཁམས་འཇིག་འགྲོ་བའི་ཉེན་ཁ་ཡོད་པར་བཤད། ཉིན་ཞིག་ཆུ་ལེན་པ་ཞིག་གིས་ཆུ་བཅུས་རྗེས་དོང་ཁ་འགེབ་རྒྱུ་བརྗེད་སྟབས་ཆུ་མིག་ཆུང་ཆུང་གློ་བུར་དྲག་ཏུ་འཕྱུར་ནས་མཐའ་སྐོར་གྱི་དུད་ཁྱིམ་ཁྲི་ཕྲག་ཅིག་མཚོའི་ནང་དུ་བསྣུབས་ཏེ་འབྲོག་ཁྱིམ་མང་པོའི་རྒྱུ་ནོར་དང་ཚེ་སྲོག་ཤོར་བས་ཁྲི་ཤོར་རྒྱལ་མོ་ཞེས་ཐོགས་པར་གྲགས།
        ཁྲི་ཤོར་རྒྱལ་མོའི་ཕྱོགས་བཞིར་རི་བོ་མཐོན་པོ་བཞི་སྟེ། ཤར་ན་གཉན་ཆེན་ཞལ་དཀར། ལྷོ་ན་བློན་པོ་གསེར་ཆེན། ནུབ་ན་རྐང་ཚའི་རྫ་དམར། བྱང་ན་མོ་བློན་མཐོན་པོ་བཅས་དང་། མཚོ་ལ་གླིང་ཕྲན་ཆེ་ཆུང་བཞི་སྟེ། མཚོ་མགོའི་གླིང་ཕྲན་དང་མཚོ་མཇུག་གི་མཚེར་བ་རི། འདྲེ་མོ་བྲག་དཀར། མཚོ་སྙིང་མ་ཧཱ་དེ་བ། ད་དུང་མཚོའི་བྱང་མཐའི་བྱེ་མ་དགྲ་ལྷའམ་བྱེ་མ་རྔ་རྡུང་གི་ཁོར་ཡུག་ཏུ་མཚོ་ཆུང་ཕྱུག་མོའམ་མཚོ་ཆུང་ནོར་བུ། མཚོ་རྣ་ལོང་། འབྲུག་མོའི་སླ་ང་། དགྲ་ལྷའི་མཚོ་ནག མཚོ་ལྗང་ཁྲ། མཚོ་ཏ་ལེན། མཚོ་མེ་ལོང་སོགས་མཚེའུ་མང་པོས་བསྐོར་ཡོད། མདོར་ན་ཡུལ་འདིའི་གླིང་ཕྲན་དང་མཚེའུ། རི་མཐོན་པོ་དང་གནས་འགངས་ཆེན་རེ་རེ་ལ་ངོ་མཚར་བའི་གཏམ་རྒྱུད་དང་དངོས་བྱུང་གི་ལོ་རྒྱུས། སྐྱེས་ཆེན་གྱི་ལུང་བསྟན་དང་མཐོང་སྣང་སྣ་ཚོགས་དགའ་བའི་མིག་དང་རྣ་བའི་གསོས་སུ་སྨིན་འོངས།
        ང་ཚོ་མུ་མཐུད་དུ་རླངས་འཁོར་ལ་བསྡད་དེ་མཚོ་སྔོན་པོའི་ཡུལ་སྐོར་ལྟེ་གནས་སུ་བརྟོལ་དུས། འགྲུལ་བ་རྣམས་ནི་གྲོག་ཚང་བརྡོལ་བ་བཞིན་མཚོ་ཁར་ལང་ལོང་ཡན་པའི་གསེར་ཉ་ཁྲི་ཕྲག་གི་འཕྱོ་ལྡིང་དང་འཁྱུག་རྩལ་ལ་ཅེར་ཞིང་། ཡུལ་སྐོར་བ་ལ་ཤས་ཀྱིས་མཚོ་མོའི་རླབས་ཀྱི་འཕར་འཇགས་དང་བསྟུན་ཏེ་མཁའ་དབྱིངས་སུ་ལྡིང་སྐོར་རྩེན་པའི་མཚོ་བྱ་དཀར་མོས་དྲན་གདུང་གཤོག་འགྱུར་དགུང་ལ་བསྐྱོད་པར་མིག་ཞགས་གཡོར་དུས། མཚོ་སྔོན་པོའི་ཚྭ་མཚོ་ཁ་ན། ། བྱ་ངང་བ་གཉིས་རེ་འཕུར་གི། ང་འཕུར་གྲོགས་མེད་པར་བསྡད་ཡོད། །ཅེས་པའི་ལ་གཞས་དེ་ཡིད་ངོར་ལྷུང་ཡོང་ལ། རང་ཉིད་ཀྱང་མཚོ་བྱ་དཀར་མོ་ཞིག་ཏུ་སྤྲུལ་ནས་གནམ་སྔོན་ཐང་ལ་ལྷུང་འདྲའི་མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་མཁའ་དབྱིངས་སུ་གཤོག་འགྱུའི་བྲོ་གར་འཁྲབ་ན་སྙམ། རང་དབང་མེད་པར་ང་ཚོའང་མཚོ་མཐར་རུབ་པའི་ཕུན་ཚོགས་ལོངས་སྤྱོད་ཀྱི་ཀྱོ་བས་དྲངས་ནས་མཚོ་ཁར་ཐོན་པ་ན། བགྲང་ཡས་པའི་གཤོག་དྲུག་ཉ་མོའི་ཚོགས་ཀྱིས་མཚོ་མོར་རྐྱལ་སའི་བར་སྟོང་མ་རྙེད་པར་ཕན་ཚུན་དཔུང་ཐུག་བརྒྱབ་སྟེ་འཕག་འཚག་བྱེད་པ་མཐོང་དུས་ཡུལ་འདི་ནི་ཉ་རིགས་མང་པོ་འདུ་གནས་བྱེད་སའི་ཡིད་འོང་བླ་མཚོ་ཡིན་པར་ཁས་འཆེས་པས། ཐོལ་བྱུང་དྲན་པའི་ཁུགས་ནས་མཚོ་སྔོན་པོའི་ནང་དུ་གསེར་ཉ་མང་། ། ཉ་གསེར་མིག་དྭངས་གསལ་མཚོ་ལ་བརྟེན། ། ཉ་རྐྱལ་རྩལ་རྒྱས་པ་མཚོ་ཡི་དྲིན། ། མཚོ་སྔོན་པོ་ཕ་མའི་ཕ་མ་རེད། ། འབྲོག་རྩྭ་ཐང་ཡོངས་ན་ནོར་ལུག་མང་། ། རྟ་ནོར་ལུག་སྔོན་མོའི་རྩྭ་ལ་བརྟེན། ། ཕྱུགས་ཤ་ཤེད་རྒྱས་པ་རྩྭ་ཡི་དྲིན། ། རྩྭ་རམ་དཀར་ཕ་མའི་ཕ་མ་རེད། །ཅེས་པའི་གླུ་གཞས་དེ་དབྱངས་ལ་སྦྱར་ཏེ་ལེན་སྙིང་སྐྱེས། དེ་ལས་ཀྱང་འཁྲུག་ཆ་དོད་པ་ནི་གཏོས་ཆེ་བའི་གྲུ་གཟིངས་ཕྱོགས་སུ་ཡུལ་སྐོར་བ་རྣམས་འཚང་ཁ་ཤིག་ཤིག་གིས་རྒྱུ་བ་དེ་ཡིན་ལ། མཚོ་སྔོན་པོའི་རྒྱ་ཁྱོན་དང་གཏིང་མཐའ་དཔོག་འདོད་ཚེ་ཅིས་ཀྱང་མཚོ་གྲུར་སྡོད་རྒྱུ་ནི་མཚོ་སྔོན་པོར་ཡུལ་སྐོར་ལ་ཡོང་བའི་དམིགས་བྱ་དང་མྱོང་བྱ་གལ་ཆེན་ཞིག་ཏུ་འཁུམས། ང་ཚོས་ཀྱང་གྲལ་བསྒྲིགས་ནས་མཚོ་གྲུའི་སྤ་སེ་ཉོས་ཏེ་ཞབས་ཞུ་བའི་མངག་བཀོད་ལྟར་དུ་རྟིང་འོག་ཐོག་བརྩེགས་ལྡན་པའི་མཚོ་གྲུར་སྡོད་ཐུབ་པ་བྱུང་། མཚོ་གྲུ་བསྐྱོད་པའི་དུས་ཚོད་སླེབས་མ་ཐག ཁ་ལོ་བས་འགྲོས་ཚད་རིམ་བཞིན་ཇེ་མགྱོགས་སུ་བཏང་བ་ན། རས་སྔོན་པོ་ཡུག་གཅིག་ཁེ་གྲིས་གཏིབས་པ་བཞིན་གྲུ་གཟིངས་ཆེན་པོའི་ཤུགས་ཀྱིས་མཚོ་སྔོན་པོའི་བྲང་གཞུང་གཤགས་ནས་མདུན་ཕྱོགས་སུ་ཆས་པར་འབྱམས་ཀླས་ཁོད་ཡངས་ཀྱི་མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་པང་བ་རུ་ལྷུང་བའི་ཚོར་སྣང་བཅོས་མིན་དུ་སྟེར། འགྲུལ་བ་ལ་ལས་རླབས་ཀྱི་ཟེགས་མ་མཁའ་རུ་འཕྱོ་བའི་འགྲོས་ལ་ཀི་སྒྲ་བར་མེད་སྒྲོག་བཞིན་བརྙན་དང་པར་བརྡབས་པ་དང་། ལ་ལས་མཚོ་གྲུའི་རྟིང་སོའི་གྲུ་ཁ་ནས་མཚོ་སྔོན་པོའི་གཟི་མདངས་ལ་རྒྱང་ལྟ་བྱེད་བཞིན་ཁྱད་མཚར་བའི་ལབ་གླེང་ཅི་ཡང་བགྱིད།
        ཆུ་མིག་བརྒྱ་རྩ་བརྒྱད་ཀྱི་བདག་པོ་བགྱིས་པའི་མཚོ་ཆེན་ཁྲི་ཤོར་རྒྱལ་མོ་རུ་ཉ་རིགས་འབོར་ཆེན་ཡོད་པར་མ་ཟད། དེའི་ཉེ་འཁོར་དུ་གདོད་མ་རུ་གནས་བཅོས་པའི་རི་དྭགས་སྣ་ཚོགས་དང་། བྱ་རིགས་སྣ་ཚོགས་ཡོད་མོད། ཁེ་ཕན་ཉི་ཚེ་བ་རྐུན་ཇག་སྐོར་ཞིག་གིས་མཚོ་སྔོན་པོའི་སོ་སྲུང་བ་མེད་པའི་མཚན་གུང་དུ་སྐབས་གླགས་བཙལ་ཏེ་ཉ་རྒྱ་སྣ་ཚོགས་འཕངས་ནས་གསེར་ཉ་ལྐོག་འཛིན་བྱེད་པ་དང་། རི་སྐྱེས་སྲོག་ཆགས་ཀྱི་ཚེ་སྲོག་འཕྲོག་པའི་སྦྱོར་བ་ངན་པ་བསྟུད་མར་འབྱུང་བར་སྐད། ད་དུང་རང་དོན་འབའ་ཞིག་གི་ཆེད་དུ་མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་རུམ་ཁོང་དུ་རྡོ་སོལ་དང་རྫས་སྦྱོར་གཅུད་པའི་མཚོ་གཏེར་མང་པོ་འཕངས་པར་མ་ཟད། རང་རྟོགས་བྲལ་ཞིང་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་མེད་པའི་ཡུལ་སྐོར་པ་འགའ་ཤས་ཀྱིས་འགྱིག་ཤོག་དང་ཟས་ཤུན། འགྱིག་དེམ་སོགས་གད་སྙིགས་དུ་མ་ཚོད་མེད་དུ་དོར་བས་མཚོ་མཐའི་ཁོར་ཡུག་གི་རྣམ་པར་སྦགས་བཙོག་ཆེན་པོ་བཟོས་འདུག དགའ་འོས་པ་ཞིག་ལ་ན་ནིང་དོ་ཚིགས་སུ་གོང་སྲིད་གཞུང་དང་མཚོ་འགྲམ་གྱི་རུ་སྡེའི་དང་བླངས་པའི་མཉམ་འབྲེལ་གྱི་སྲུང་སྐྱོང་ལ་བརྟེན་ནས་གསེར་ཉ་གང་བྱུང་དུ་འཛིན་མི་ཆོག་པ་དང་གད་སྙིགས་གང་སར་དོར་མི་ཆོག་པ། འགྱིག་གུར་དང་ཁང་པ་གང་རུང་དུ་བརྒྱབ་མི་ཆོག་པའི་བཀའ་བརྡ་བཏང་བའི་མི་ཚད། སྐོར་ཞིབ་པའམ་སྲུང་སྐྱོབ་ཚོགས་པས་རང་གི་དཔྲལ་བའི་མིག་བཞིན་དྭངས་གསལ་གྱི་རང་བཞིན་བཟང་པོར་གཅེས་སྐྱོང་བྱེད་པ་ནི་ཇི་འདྲའི་རླབས་ཆེན་གྱི་བྱ་གཞག་ཅིག་རེད་ཨང་།
        ཉིན་གུང་དྲོས་ཇ་སྟབས་བདེ་ཞིག་འཐུང་སྟེ་མུ་མཐུད་དུ་ནུབ་ཕྱོགས་སུ་ཕྱིན་པར། སྔོན་ཆད་སྐྱེས་ཆེན་དུ་མས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་མྱོང་བའི་གནས་ཁྱད་པར་ཅན་ཏེ་མགོན་པོ་གདོང་དུ་སླེབས་བྱུང་། ང་ཚོས་རླངས་འཁོར་ལམ་འགྲམ་དུ་བཞག་སྟེ་སྐྱེས་ཆེན་དམ་པ་སྒོམ་སྒྲུབ་ཏུ་བཞུགས་མྱོང་བའི་བྲག་ཕུག་ཏུ་འཛུལ་ཏེ་ངག་སྒྲོས་ཀྱིས་ཕྱུག་པའི་སྐུ་བརྙན་རང་བྱོན་དང་མཛད་པ་འཕྲིན་ལས་ལ་ཡི་རང་གོང་བཀུར་ཞུས་ནས་མཆོད་མཇལ་ཚར་རྗེས་ཏཱ་ལའི་ཆུ་མིག་གི་ཕྱོགས་སུ་བསྐྱོད། མཚོ་སྔོན་པོ་ནི་ཚྭ་མཚོ་ཡིན་པས་བླ་མཚོའི་འགྲམ་གྱི་འབྲོག་པ་མང་ཚོགས་འཐུང་ཆུའི་ཐད་དུ་དཀའ་ངལ་ཆེན་པོ་བྱུང་སྟབས། རྒྱལ་དབང་ལྔ་པ་མཆོག་མིང་གོང་མས་གདན་འདྲེན་དུ་མཚོ་སྔོན་པོ་བརྒྱུད་དེ་བཞུད་སྐབས་ཐུགས་རྗེས་གཟིགས་ནས་ཆུ་མིག་བཏོན་པའི་ངག་རྒྱུན་དེ་བྱིས་པ་ཚོར་གཏམ་རྒྱུད་ཀྱི་ཚུལ་དུ་ལབ་ནས་གནས་མཆོག་དེར་བརྟོལ་ཏེ་རྨ་རིགས་སྐྲང་རིགས་ལ་སྨན་པའི་ཆུ་མིག་ཁ་ནས་ཆུ་ཧུབ་གསུམ་འཐུང་བ་དང་གང་སར་གཅོལ་བའི་གད་སྙིགས་རེ་འགའ་བསྒྲུགས་རྗེས་མུ་མཐུད་དུ་མདུན་ཕྱོགས་གཞུང་ལམ་བསྙེགས་ནས་མཚེར་བ་རིའི་ཕྱོགས་སུ་བསྐྱོད་མོད། སྒོ་སྲུང་བས་བཤད་ཚུལ་ལྟར་ན་རིམས་ནད་ཀྱི་རྐྱེན་པས་ཕྱོགས་ཡོངས་འགྲུལ་བ་གཅིག་ཀྱང་ལྟ་སྐོར་དུ་འགྲོ་མི་ཆོག་པར་བཤད། གོ་ཐོས་སུ་མཚེར་བ་རི་ནི་མཚོ་སྔོན་པོའི་གླིང་ཕྲན་བཞིའི་གྲས་ཀྱི་གཅིག་ཡིན་ལ། མཚེར་བ་རིའམ་མཚོ་སྔོན་པོའི་བྱ་གླིང་ནི་འཛམ་གླིང་དུ་སྐད་གྲགས་ཆེ་བའི་བྱ་རིགས་ཧ་ཅང་མང་པོ་འདུ་སའི་གནས་མཆོག་ཅིག་སྟེ། རང་རྒྱལ་གྱི་བྱ་རིགས་སྲུང་སྐྱོབ་ས་ཁུལ་བརྒྱད་ནང་གི་གཙོ་བོའི་གྲས་ཡིན་ཞིང་། ཆེད་མཁས་པས་བསྡོམས་རྩིས་བྱས་པ་ལྟར་ན་བྱ་རིགས་ཁྲི་ཚོ་བཅུ་ལྷག་གནས་ཡོད་པར་བཤད། རིགས་སྣ་མང་བའི་བྱ་རིགས་ཁྱུ་ཚོགས་ཨ་སྔོན་དབྱིངས་སུ་ཅི་དགར་རྩེན་ཞིང་། རླབས་ཕྲེང་ལང་ལོང་དང་བསྟུན་ནས་ཀྱ་ཀྱུར་གྲེ་འགྱུར་སྒྲོག་པ་མཐའ་འཁོར་ཀུན་ཏུ་ཐོས་ཐུབ་ཅིང་མཚམས་ལན་རེར་བྱེ་ཐང་དུ་ཉི་འོད་ལ་ལོངས་སུ་སྤྱད་དེ་གནས་བཅའ་བར་མ་ཟད། གླིང་ཕྲན་འདིར་བྱ་རིགས་འདྲ་མིན་གྱིས་ཚང་བཅའ་བ་དང་། འཚོ་སྡོད་བྱེད་པ། རྒྱུད་སྤེལ་བཅས་བྱེད་ཀྱིན་ཡོད་པས། འདབ་ཆགས་ཀྱི་འཇིག་རྟེན་ཞེས་སུ་གྲགས། ཉིན་དེར་ང་ཚོ་བྱ་གླིང་ལ་ལྟ་སྐོར་དུ་འགྲོ་མ་ཐུབ་པར་མ་ཟད་འདྲེ་མོ་བྲག་དཀར་དང་མཚོ་སྙིང་མ་ཧྭ་དེ་བ་ལའང་རྒྱང་མཇལ་ཙམ་ལས་ཉེ་གམ་དུ་བགྲོད་རྒྱུ་ཧ་ཅང་དཀའ་ཚུལ་བསྙད། དེ་བས་ང་ཚོས་སངས་རྒྱས་སྟོང་གི་གནས་རིར་གྲགས་པའི་མཚོ་སྙིང་མ་ཧྭ་དེ་བ་དང་འདྲེ་མོ་བྲག་དཀར་གྱི་མིང་ཐོགས་ཚུལ་ངག་རྒྱུན་ལ་གཞིབས་ཏེ་ཨ་ཁུས་གནའ་གཏམ་འཆད་པའི་ཚུལ་དུ་གོ་རིམ་མ་ནོར་བར་བྱིས་པ་ཚོའི་རྣ་ལམ་དུ་སྒྲོན་ཞོར་མདུན་ཕྱོགས་སུ་མི་བགྲོད་ག་མེད་བྱུང་།
        ཤར་ལྷོ་ནུབ་བྱང་གི་ཟུར་མི་འདྲ་བ་བརྒྱུད་དུས་མཚོ་སྔོན་པོའི་ཡིད་འོང་མཛེས་སྡུག་ཀྱང་རྣམ་པ་ཐ་དད་དུ་གྲུབ་ལ། མཚོ་ངོས་རྒྱ་ཆེ་ཞིང་དྭངས་ཤིང་གསལ་བའི་མེ་ལོང་གི་ཁྱད་ཆོས་ཁོ་ནས་ཕྱོགས་ཡོངས་མགྲོན་པོའི་ཡིད་ཀྱི་བརྟན་པ་དབང་མེད་དུ་ཕྲོགས་སོ། ། རླངས་འཁོར་བགྲོད་པའི་འགྲོས་ཤུགས་མཚམས་མི་ཆད་པར་མདུན་ནས་མདུན་དུ་ཆས་པ་ན། བྱེ་མ་རྔ་རྡུང་གི་གནས་སུ་བརྟོལ། གནས་དེར་སླེབས་དུས་ཡུལ་སྐོར་པ་མང་པོ་རྔ་མོང་ལ་བཅིབས་པ་དང་འགའ་ཤས་བྱེ་བགྲོད་འཕྲུལ་རྟར་བཅིབས་པ། ཡང་ཁ་ཤས་འགྱིག་པང་ལ་བསྡད་དེ་བྱེ་ཤུད་སྟེག་བཞིན་དགའ་བའི་དཔལ་ལ་རོལ། ངེད་ཅག་ཀྱང་བྱིས་པ་ཚོའི་བློ་ཁ་དང་མཐུན་པའི་བྱེ་མའི་རི་སྒང་ལ་འཛེགས་ཏེ་ཁུང་བུ་རྐོ་བའམ་བྱེ་མས་དེའུ་འབུར་ཆུང་ངུ་བཟོ་བ། བྱེ་ཤུད་སྟེག་པ་སོགས་གནས་དེའི་ཕུན་ཚོགས་ལ་ཉམས་སུ་མྱངས་པ་ཡིན། དུས་དེར་རྟ་བདུན་དབང་པོ་ཆུ་ལྷའི་ཕང་བར་བཞུད་ལ་ཉེ་བའི་ཉེར་སྡོག་རྩོམ་བཞིན་ཡོད་པས་ངེད་ཅག་ཀྱང་བྲེལ་འཚུབ་སྒོས་ཁོད་སྙོམས་པའི་སྣུམ་ལམ་སྟེང་མདའ་མོ་ལྟོངས་ལས་ཤོར་བ་ལྟར་རང་ཕྱོགས་སུ་བསྙེགས།
        མཐའ་ཡས་པའི་མཚོ་ཆེན་ཁྲི་ཤོར་རྒྱལ་མོ་ནི་གསེར་ཉ་འཁྱུག་པའི་བསྟི་གནས་དང་བྱ་རིགས་འཕུར་སའི་རྩེད་ར། གཡང་དཀར་ལུག་གི་ཕ་ས་ཡིན་པས་རིན་ཆེན་ཐོན་ཁུངས་ཀྱི་འབྱུང་གནས་ཡིན་ལ། རྒྱུ་ནོར་ལོངས་སྤྱོད་ཀྱི་བང་མཛོད་ཀྱང་ཡིན། ངོ་མཚར་ཡིད་དབང་འགུག་པའི་མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་གནས་ཀྱི་བཀོད་པ་རེ་རེར་ཞིབ་མཇལ་བྱེད་དུས་གནས་འདི་ནི་མཚོ་སྔོན་ས་ཆའི་རིན་བྲལ་གྱི་འོད་ཆེན་མུ་ཏིག་དང་རྒྱལ་ཁབ་ཕྱི་ནང་དུ་སྙན་པའི་གྲགས་པ་འབྲུག་ལྟར་ལྡིར་བར་མིང་དོན་གཉིས་འཛོམས་ལྡན་པ་ལ་ཨང་སྙམ་མོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1