འཇར་པན་གྱི་སྐབས་ཞེ་དགུ་བའི་དམངས་གྲོས་ཁང་གི་འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་འགུལ་མགོ་བརྩམས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 11-02


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་པན་གྱི་སྐབས་ཞེ་དགུ་བའི་དམངས་གྲོས་ཁང་གི་འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་འགུལ་ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་མགོ་བརྩམས། འདེམ་སྒུག་མི་སྣ་སྟོང་གཅིག་དང་ང་གཅིག་གིས་དམངས་གྲོས་ཁང་གི་ལས་གནས་བཞི་བརྒྱ་དང་རེ་ལྔར་འགྲན་རྩོད་བྱེད་རྒྱུ་རེད། 
        ཉིན་དེའི་ཞོགས་པའི་དུས་ཚོད་བདུན་དང་སྐར་མ་ཉི་ཤུའི་སྟེང་། འཇར་པན་གྱི་འདེམ་དམངས་དག་གིས་རྒྱལ་ཡོངས་ཀྱི་འདེམ་ཤོག་འཕེན་ས་ཁྲི་བཞི་དང་སྟོང་དྲུག་ནས་འདེམ་ཤོག་འཕངས་ཆོག འདེམ་ཤོག་འཕེན་མཚམས་བཞག་རྗེས་འདེམ་ཤོག་ཐོ་འགོད་རྩིས་ལེན་བྱེད་རྒྱུ་ཡིན་པ་དང་། ཚོད་དཔག་བྱས་ན་འདེམ་བསྐོའི་མཇུག་འབྲས་དེ་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་གྱི་ཞོགས་པར་ཁྱབ་སྒྲོག་བྱེད་རྒྱུ་རེད། 
        ཐེངས་འདིའི་འདེམ་བསྐོའི་བྱ་འགུལ་ལ་བསྡོམས་པས་སྲིད་དབང་བཟུང་མེད་པ་དང་སྲིད་འཛིན་པའི་ཏང་ཁག་དགུ་ཞུགས་ཡོད། དེའི་ནང་མཉམ་འབྲེལ་སྲིད་འཛིན་བྱེད་པའི་རང་དབང་དམངས་གཙོ་ཏང་དང་ཀུང་མེན་ཏང་། དེ་མིན་སྲིད་དབང་བཟུང་མེད་པའི་ཁྲིམས་འཛུགས་དམངས་གཙོ་ཏང་དང་། འཇར་པན་གུང་ཁྲན་ཏང་། རྒྱལ་དམངས་དམངས་གཙོ་ཏང་སོགས་འདུས། འདེམ་བསྐོ་མ་བྱས་གོང་། ཏང་ཁག་སོ་སོས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྲུང་སྲིད་ཇུས་དང་དབུལ་ཕྱུག་གི་བར་ཁྱད་ཇེ་ཆུང་དུ་གཏོང་བའི་དཔལ་འབྱོར་སྲིད་ཇུས། འཇར་པན་གྱི་ད་ཡོད་ཀྱི་ཕྱི་འབྲེལ་བདེ་སྲུང་སྲིད་ཇུས་སོགས་ལ་དམིགས་ཏེ་དཔྱད་གླེང་སྤེལ་བ་རེད། 
        འཇར་པན་དམངས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་དེ་ལོ་བཞིའི་ནང་ཐེངས་རེར་སྤེལ་བཞིན་ཡོད་པ་དང་། འདེམ་ཁུལ་ཆུང་བའི་ལམ་ལུགས་དང་འཐུས་མིའི་བསྡུར་ཚད་ལམ་ལུགས་གཉིས་ཀྱི་འདེམ་བསྐོའི་ལམ་ལུགས་སྤྱད་ཡོད། ལས་གནས་བཞི་བརྒྱ་དང་རེ་དྲུག་ཁྲོད་འདེམ་ཁུལ་ཆུང་བ་ཉིས་བརྒྱ་དང་གྱ་དགུ་ཡོད་ལ། འཐུས་མིའི་བསྡུར་ཚད་ལམ་ལུགས་ཀྱི་བརྒྱ་དང་དོན་དྲུག་ཡོད་པ་རེད། འདེམ་ཁུལ་ཆུང་བའི་འདེམ་དམངས་ཀྱིས་ཐད་ཀར་འདེམ་སྒུག་པར་འདེམ་ཤོག་འཕངས་ཆོག་པ་དང་། འདེམ་ཤོག་མང་བོ་ཐོབ་མཁན་བདམས་པ་རེད། འཐུས་མིའི་བསྡུར་ཚད་ལམ་ལུགས་ཀྱི་འདེམ་ཁུལ་དུ་འདེམ་དམངས་ཀྱིས་སྲིད་ཏང་སོ་སོར་འདེམ་ཤོག་འཕེན་པ་དང་། འདེམ་ཤོག་གི་མང་ཉུང་ལྟར་བསྡུར་ཚད་ངེས་ཅན་ལྟར་སྲིད་ཏང་སོ་སོར་ལས་གནས་བགོ་བཤའ་བྱེད་པ་རེད། 
        འཇར་པན་གྱིས་ལག་བསྟར་བྱེད་པ་ནི་གྲོས་ཁང་གི་ནེ་ཀིའི་ལམ་ལུགས་ཡིན། རྩ་ཁྲིམས་ཁྲོད་དམངས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་དེ་ངེས་པར་དུ་ཕྱེད་གྲངས་བརྒལ་ན་ད་གཟོད་སྲིད་འཛིན་བྱས་ཆོག་པར་གཏན་འཁེལ་བྱས་མེད་ཀྱང་། དབུ་བཞུགས་བློན་ཆེན་གྱིས་འདེམ་བསྐོ་དང་རྒྱལ་ཚོགས་ཀྱི་གྲོས་ཆོད་མང་ཆེ་བ་ཕྱེད་གྲངས་བརྒལ་དགོས་པར་བསྟན་ཡོད་པས། སྲིད་འཛིན་ཏང་གིས་དམངས་གྲོས་ཁང་དང་གྲོས་ཞུགས་ཁང་གཉིས་ཀྱིས་ལས་གནས་དེ་ཡང་རབ་ཡིན་ན་ཕྱེད་གྲངས་བརྒལ་དགོས་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1