སོན་བཟང་ནང་འདྲེན་བྱས་ནས་ལོ་ཏོག་གི་ཐོན་ཚད་མཐོ་རུ་བཏང་།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 11-02



ཡང་བསྐྱར་སྟོན་བསྡུའི་ལས་ལ་བྲེལ་བའི་དུས་ཚིགས་སུ་སླེབས་ཤིང་། དཔལ་ཡུལ་རྫོང་འཛིང་ཁོག་དེང་རབས་ཞིང་ལས་ཐོན་ལས་རྟེན་གཞི་རུ་རྨོན་འདེབས་བྱས་པའི་ནས་ལ་ལོ་ལེགས་བྱུང་ཡོད། རྒྱང་རིང་ནས་བལྟས་ཚེ་ཡངས་ཤིང་རྒྱ་ཆེ་བའི་ས་ཞིང་ནང་དུ་དཔལ་ཡུལ་ཞིང་སྤེལ་སྤྱི་གཉེར་ཁང་གི་མཉམ་འབྲེལ་བརྔ་བསྡུ་འཕྲུལ་ཆས་ཀྱི་སྒྲ་ལྷང་ལྷང་དུ་གྲགས་བཞིན་ཞིང་ནང་དུ་ཕར་འགྲོ་ཚུར་འོང་བྱས་ནས་བྲེལ་འཚུབ་ཆེན་པོས་ལོ་ལེགས་ཀྱི་རྣམ་པ་ཞིག་ངང་ངམ་ཤུགས་ཀྱིས་མངོན་བཞིན་འདུག།

ཉེ་བའི་ལོ་ཤས་རིང་། དཔལ་ཡུལ་རྫོང་གིས“འབྱུང་འཕྲོད་འཕེལ་རྒྱས་དང་སྤུས་ཚད་མཐོར་འདེགས། ཕན་འབྲས་ཆེར་གཏོང་། འབྲུ་རིགས་ཐོན་འཕར”བཅས་བྱེད་རྒྱུ་འདི་དམིགས་ཡུལ་དུ་བཟུང་ནས། ཁྱོན་ཡོངས་ནས་འབྱུང་འཕྲོད་ཐོན་འཕར་དང་ཕན་འབྲས་ཆེར་གཏོང་གི་ལག་རྩལ་ཁྱབ་གདལ་བཏང་སྟེ་འབྲུ་རིགས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་བྱེད་ནུས་དང་དཔལ་འབྱོར་ཕན་འབྲས་ཆེ་རུ་བཏང་བར་བརྟེན། མི་སེར་གྱི་ཡོང་འབབ་འཕར་སྣོན་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིག། མི་སེར་ཚོ་རང་ཁྱིམ་དང་ཁ་ཐག་ཉེ་ས་ནས་ལས་ཞུགས་ཐུབ་པ་དང་ཡོང་འབབ་འཕར་སྣོན་བརྟན་པོ་ཡོང་རྒྱུར་འགན་ལེན་བྱས་མཐར། རྫོང་ཡོངས་ཀྱི་འབྲུ་རིགས་ཐོན་སྐྱེད་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་འབྲུ་རིགས་ཉེན་མེད་ཡོང་བར་འགན་ལེན་བྱས་པ་རེད།

རྫོང་དེས་འབྲུ་རིགས་ཉེན་མེད་ཡོང་བར་འགན་སྲུང་བྱ་རྒྱུ་འདི་ཨང་དང་པོར་བཞག་ནས། མ་སྐུལ་དང་བླངས་ཀྱིས་འགན་འཁུར་དང་སྣེ་ཁྲིད་ཁེ་ལས་ཀྱི་ནུས་པ་འདོན་སྤེལ་བྱས་མཐར། སྔ་སྨིན་ཐུབ་པ་དང་ཐན་པ་ཐེག་ནུས་ཡོད་པ། ཚྭ་བུལ་ལྕོགས་པ། ཐོན་ལེགས་རང་བཞིན་དང་འཚམ་འཕྲོད་རང་བཞིན་ཅུང་ཆེ་བའི(ཐོན་མཐོ་ནས)ས་བོན་དེ་སོན་རིགས་གཙོ་བོར་གཏན་འཁེལ་བྱས་པ་རེད། འཛིང་ཁོག་ཡུལ་ཤོག་སྤང་ས་གྲོང་སྡེར་ཚོད་ལྟའི་རང་བཞིན་གྱི་རྨོན་འདེབས་བྱས་ནས་སྔོན་ཆད་ས་གནས་དེ་གའི་གྲོང་མིའི་སྲོལ་རྒྱུན་གྱི་རྨོན་འདེབས་བྱེད་སྟངས་རྐྱང་པ་དེ་ཚན་རིག་ཅན་དང་གཞི་ཁྱོན་ཅན་གྱི་རྨོན་འདེབས་ཕྱོགས་སུ་འཕེལ་རྒྱས་གཏོང་རྒྱུར་འཚོལ་ཞིབ་བྱས་ནས“ཐོན་ལས་ཀྱིས་དབུལ་ཐར་བྱེད་རོགས་བྱས་པའི”ནུས་པ་འདོན་སྤེལ་གང་ལེགས་བྱས་པར་བརྟེན། ཡུལ་ཤོག་ཡོངས་ཀྱིས་འདེབས་འཛུགས་བྱེད་པའི་ཧུར་བརྩོན་རང་བཞིན་ལ་ཡོངས་ཁྱབ་ཏུ་སྐུལ་སློང་བྱས་ནས་ཞིང་འབྲོག་ལས་རིགས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ནང་རྐྱེན་གྱི་བཀག་རྒྱ་གཏོར་ནས་ཐོན་ཚད་མཐོ་བའི་ནས་ཡིས་ཉེ་བའི་ལོ་ཤས་ནང་ཡུལ་སྡེ་དར་རྒྱས་གཏོང་བར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

ལོ་ཏོག་བརྔ་བསྡུ་བྱེད་པའི་སྐབས་སུ། དཔལ་ཡུལ་ཞིང་སྤེལ་སྤྱི་གཉེར་ཐོན་སྐྱེད་སྡེ་ཁག་གི་ལས་བཟོ་ཞིང་ཁའི་ནང་དུ་ཕྱིན་ནས་ལག་ལེན་དངོས་བརྒྱུད་དེ་སྙེ་མ་ལ་ཞིབ་བཤེར་བྱེད་པའི་ཐབས་ཤེས་སྤྱད་དེ་ཐོན་ཚད་ཚོད་དཔག་བྱས་ཤིང་། ཐོན་ཚད་དངོས་ལ་ཚད་ལེན་བྱས་པར་བརྒྱུད། སྔོན་ཆད་སྲོལ་རྒྱུན་གྱི་རྨོན་འདེབས་བྱས་པའི་མུའུ་རེའི་ཐོན་ཚད་རྒྱ་མ་སུམ་བརྒྱ་བཞི་བརྒྱ་ནས་མུའུ་རེའི་ཐོན་ཚད་རྒྱ་མ་དྲུག་བརྒྱ་ཡན་ཆད་ཐོག་འཕར་བ་རེད། སྔོན་འགྲོའི་མཛུབ་ཁྲིད་ཞིབ་ཚགས་བྱས་པར་བརྒྱུད་རྨོན་འདེབས་བརྒྱུད་རིམ་ཁྲོད་ཀྱི་ལུད་རྒྱག་ཞིབ་ཚགས་དང་དུས་དང་འཚམ་པར་རྨོན་འདེབས་ཞིབ་ཚགས་བྱས་ཤིང་། ནད་འབུའི་གནོད་འཚེ་འགོག་བཅོས་ལ་དམ་འཛིན་བྱས་པ། ཞིང་ཁའི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ལག་རྩལ་བྱ་ཐབས་སྤྱད་དེ་ཐོན་མཐོའི་འགག་སྒྲོལ་བྱས་པས་ཐོན་ཚད་ཚད་ལེན་བྱས་པའི་མཇུག་འབྲས་དེ་སྔོན་དཔག་བྱས་པའི་དམིགས་ཡུལ་ལ་སླེབས་ཐུབ་རྒྱུ་རེད།

ད་ཐེངས་ཚོད་ལྟ་རྨོན་འདེབས་བྱས་པར་བརྒྱུད། དཔལ་ཡུལ་རྫོང་གིས་སྤུས་ལེགས་དང་ཐོན་མཐོ།ཕན་འབྲས་མཐོ་བ་བཅས་ཀྱི་རྨོན་འདེབས་ལག་རྩལ་ཆ་ཚང་ཞིག་ཕྱོགས་བསྡོམས་བྱས་ནས། སླད་ཕྱིན་རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་གཞི་ཁྱོན་ཆེན་པོས་ནས་རྨོན་འདེབས་ཁྱབ་གདལ་གཏོང་རྒྱུར་རྨང་གཞི་བཏིང་། འབྱུང་འཕྲོད་ཅན་གྱི་ནས་ཐོན་ལས་འཕེལ་རྒྱས་ཀྱིས་སྲོལ་རྒྱུན་གྱི་རྨོན་འདེབས་ལས་གཞི་ལ་འགྱུར་ལྡོག་བཏང་བར་མ་ཟད། ད་དུང་ས་གནས་དེ་གའི་གྲོང་མིས་འཕེལ་རྒྱས་ཀྱི་བསམ་པ་ལེགས་སྒྱུར་བྱས་ནས་ཞིང་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱེད་ཐུབ། ཕྱིན་ཆད་དཔལ་ཡུལ་རྫོང་གིས་ཐོན་ཚད་མཐོ་བའི་ནས་ཚོད་འདེབས་བྱས་ནས་རྫོང་ཡོངས་ཀྱི་ཁྱབ་ཁོངས་ནང་ཁྱབ་གདལ་དང་འདེབས་འཛུགས་བྱེད་པ་དང་། འཛིང་ཁོག་ཞིང་ལས་ཐོན་ལས་གླིང་ཁུལ་དུ་མུ་མཐུད་ནས་འདེབས་འཛུགས་དང་གཉེར་སྐྱོང་གཞི་ཁྱོན་ཆེ་རུ་གཏོང་བ་དང་། འབྱུང་འཕྲོད་ཅན་གྱི་ནས་མུ་མཐུད་ནས་འདེབས་འཛུགས་བྱ་རྒྱུ་ཚོད་ལྟ་བྱས་ནས་སྲོལ་རྒྱུན་གྱི་ཞིང་ལས་ལོ་ཏོག་ལ་རེ་བ་གསར་པ་བསྩལ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1