ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་པའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཤིན་ཧྭ་གསར་འགྱུར་ཁང་། སྤེལ་དུས། 11-05



         ཟླ་11ཚེས་3ཉིན། 2020ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་པའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་2020ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་མཐོ་ཤོས་ཐོབ་མཁན་ཀྲུང་གོ་མཁའ་འགྲུལ་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སིའི་ཡོན་ཧྲི་ཀུའུ་སུང་ཧྥེན(གཡས)དང་ཆིང་ཧྭ་སློབ་ཆེན་གྱི་ཡོན་ཧྲི་ཝང་ཏ་ཀྲུང(གཡོན)ལ་བྱ་དགའ་གནང་བ།
         ཟླ་11ཚེས་3ཉིན། 2020ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་པའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་ཤིང་། ཚོགས་འདུ་མ་འཚོག་གོང་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཝང་ཧུའུ་ཉིང་། ཧན་ཀྲེང་སོགས་ཀྱིས་བྱ་དགའ་ཐོབ་མཁན་གྱི་འཐུས་མིར་མཇལ་འཕྲད་གནང་བ་དང་འབྲེལ་ལྷན་བཞུགས་དྲན་རྟེན་སྐུ་པར་བསྐྱོན་པ།
         ཚེས་3ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པེ་ཅིང་དུ་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་པའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་ཤིང་། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཝང་ཧུའུ་ཉིང་། ཧན་ཀྲེང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཚོགས་ཆེན་ལ་ཞུགས་པ་དང་འབྲེལ་བྱ་དགའ་ཐོབ་མཁན་འཐུས་མིར་བྱ་དགའ་ཡང་གནང་བ་རེད། ལི་ཁེ་ཆང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་གསུང་བཤད་གནང་བ་དང་། ཧན་ཀྲེང་གིས་ཚོགས་ཆེན་གཙོ་སྐྱོང་གནང་བ་རེད།
         སྔ་དྲོའི་ཆུ་ཚོད་10དང་སྐར་མ་20ཡི་ཐོག རྔམ་བརྗིད་ལྡན་པའི་རྒྱལ་གླུའི་སྒྲ་དང་བསྟུན་ནས་ཚོགས་ཆེན་འགོ་ཚུགས་ཤིང་། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་དང་ཐོག་2020ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་མཐོ་ཤོས་ཐོབ་མཁན་ཀྲུང་གོ་མཁའ་འགྲུལ་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སིའི་ཡོན་ཧྲི་ཀུའུ་སུང་ཧྥེན་དང་ཆིང་ཧྭ་སློབ་ཆེན་གྱི་ཡོན་ཧྲི་ཝང་ཏ་ཀྲུང་ལ་གཟེངས་རྟགས་དང་ལག་ཁྱེར་གནང་བ་མ་ཟད། ཁོང་རྣམ་གཉིས་ལ་བྱམས་བརྩེའི་ཕྱག་བཏང་ནས་རྟེན་འབྲེལ་ཞུས་པ་དང་སྦྲགས་ཀྲུའུ་ཞི་སྡིངས་ཆའི་ཐོག་གདན་དྲངས་པ་རེད། དེ་རྗེས་ཞི་ཅིན་ཕིང་སོཌ་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་བྱ་དགའ་མཐོ་ཤོས་ཐོབ་མཁན་ཁོང་རྣམ་གཉིས་དང་ལྷན་དུ་རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་བྱ་དགའ་དང་། རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་བྱ་དགའ། རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ་བཅས་ཐོབ་མཁན་འཐུས་མིར་ལག་ཁྱེར་གནང་བ་རེད། 
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གསུང་བཤད་གནང་སྐབས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ཏེ་བྱ་དགའ་ཐོབ་མཁན་ཚང་མར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཚན་རྩལ་ལས་དོན་པར་བླ་ན་མེད་པའི་གུས་འདུད་ཞུས་གནང་བ་མ་ཟད། ཀྲུང་གོའི་ཚན་རྩལ་བྱ་གཞག་ནང་ཞུགས་མཁན་དང་རྒྱབ་སྐྱོར་བྱེད་མཁན་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་ཚོར་ཡང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།
         ལི་ཁེ་ཆང་གིས། རང་རེའི་ཏང་གིས་ཚན་རྩལ་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་དང་ཚན་རྩལ་ལས་དོན་པར་བརྩི་འཇོག་དང་ཐུགས་ཁུར་བྱེད་ཀྱི་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་ཚུན། རང་རྒྱལ་གྱི་ཚན་རྩལ་བྱ་གཞག་ལ་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་འོས་པའི་གྲུབ་འབྲས་ཐོབ་པ་དང་། རྒྱ་ཆེའི་ཚན་རྩལ་ལས་དོན་པ་ཚོས་འབད་འབུངས་ལེགས་སྐྱེས་དང་ཡང་རྩེར་འཛེགས་ཕོད་པ་བྱས་ཏེ་འོད་སྟོང་འཕྲོ་བའི་ལེའུ་བརྩམས་ཡོད་ལ། ལྷག་པར་དུ་ཏོག་གསར་རིམས་ནད་ལ་ཁ་གཏད་གཅོག་པ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་སྲུང་སྐྱོང་བྱེད་པའི་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། རང་རྒྱལ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པའི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་འགོ་ཚུགས་ཟིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རང་རྒྱལ་གྱི་དེང་རབས་ཅན་འཛུགས་སྐྲུན་སྤྱི་ཡོངས་ཁྲོད་ཀྱི་གསར་གཏོད་ཀྱི་ལྟེ་བའི་གནས་བབ་མཐའ་འཁྱོངས་བྱེད་པ། ཚན་རྩལ་གསར་གཏོད་ཀྱི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་གསར་གཏོད་ཀྱི་མི་མངོན་པའི་ནུས་པ་རྒྱ་ཁྱབ་ངང་སྐུལ་སྤེལ་བྱེད་པ། ཚན་རྩལ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་གཏོད་པ་བཅས་བྱེད་དགོས་ཞེས་གསུངས་པ་རེད།
         ལི་ཁེ་ཆང་གིས། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་གྱི་དགོས་མཁོར་དམིགས་ནས་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་བྱེད་མགྱོགས་སུ་གཏོང་བ་དང་། ཚན་རྩལ་རྣམ་གྲངས་གལ་ཆེན་ལ་སྐུལ་འདེད་གཏོང་བ། “མིང་འདོན་བསྔགས་བརྗོད་བྱེད་པ”སོགས་ཀྱི་ལམ་སྲོལ་ཁྱབ་གདལ་གཏོང་བ་བཅས་བྱས་ཏེ་གསར་གཏོད་བྱེད་འདོད་པ་དང་། གསར་གཏོད་བྱེད་ཕོད་པ། གསར་གཏོད་བྱེད་ཐུབ་མཁན་བཅས་ཚང་མར་འཇོན་ཐང་འདོན་པའི་གོ་སྐབས་སྤྲོད་དགོས། རྒྱུན་སྲིང་ལྷོད་མེད་ངང་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་དང་། ཚན་རིག་གི་ཆོས་ཉིད་ལ་བརྩི་འཇོག་བྱེད་པ། རང་མོས་འཚོལ་ཞིབ་དང་གནད་དོན་གྱི་ཕྱོགས་སྟོན་ནན་ཏན་ངང་ཟུང་འབྲེལ་དམ་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ། “ལྕགས་ཧྲེང་ཁབ་ལ་བསྒྱུར་བའི”ངེས་ཤུགས་དང་ངང་རྒྱུད་རིང་པོ་རྒྱུན་འཁྱོངས་བྱེད་པ། ཡུན་རིང་བརྟན་ལྷིང་ཡོང་བར་རྒྱབ་སྐྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཁེ་ལས་དང་སྤྱི་ཚོགས་ཀྱི་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱེད་པ། རྨང་གཞིའི་སློབ་གསོའི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། མཐོ་སློབ་ཀྱི་རྨང་གཞིའི་རིག་ཚན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གསར་གཏོད་བྱེད་མཁན་ལ་གཟིགས་བཟོས་དང་ཕམ་ཁ་བྱུང་མཁན་ལ་བསམ་ཤེས་བྱེད་པའི་ཚན་ཞིབ་ཀྱི་ཁོར་ཡུག་བཟང་པོ་གཏོད་པ། ཚན་ཞིབ་མི་སྣའི་ཏན་ཏན་ཏིག་ཏིག་དང་སྙིང་རུས་གཏན་འཁྱོངས་ལ་རྒྱབ་སྐྱོར་བཅས་བྱས་ནས“མེད་པ་ནས་ཡོད་བའི་བར”གྱི་གསར་གཏོད་ཀྱི་གྲུབ་འབྲས་དེ་བས་མང་བ་གཏོད་དགོས་ཞེས་གསུངས་པ་རེད།
         ལི་ཁེ་ཆང་གིས། ཁེ་ལས་ཀྱི་གསར་གཏོད་བྱེད་པོའི་གནས་བབ་ལ་ཤུགས་སྣོན་བརྒྱབ་ནས་ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། གསར་གཏོད་ལ་སྐུལ་མ་གཏོང་བའི་ཀུན་ཕན་རང་བཞིན་གྱི་སྲིད་ཇུས་དེ་བས་མང་བ་གཏན་འཁེལ་བྱས་ཏེ་གསར་གཏོད་ཀྱི་རྒྱུ་རྐྱེན་གཙོ་བོ་ཁེ་ལས་སུ་གཅིག་སྡུད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཐོན་ལས་འཁོར་འབྲེལ་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་། ཁེ་ལས་ཆེ་འབྲིང་ཆུང་གསུམ་ལ་ཁྱབ་པའི་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་ཤེས་བྱའི་བདག་དབང་སྲུང་སྐྱོང་དང་སྤྱོད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཚན་རྩལ་གྲུབ་འབྲས་བརྗེ་བསྒྱུར་གྱི་མགྱོགས་ལམ་གཏོད་དགོས་ཞེས་གསུངས་པ་རེད།
         ལི་ཁེ་ཆང་གིས། གསར་གཏོད་གསར་སྐྲུན་ལ་ཚོད་འཛིན་བཟོ་བའི་འགོག་རྐྱེན་མཐའ་དག་མེད་པར་བཟོ་བ་དང་ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་བཏང་ནས་ཚན་ཞིབ་མི་སྣའི་ཁུར་པོ་ཡང་དུ་གཏོང་དགོས། དོ་དམ་དང་ལྟ་སྐུལ་སྒྲིག་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ནས་གཤམ་སྤྲོད་བྱས་པའི་དབང་ཆ་དང་ལེན་ཐུབ་པ་དང་དོ་དམ་ཡག་པོ་ཐུབ་པ་བྱེད་དགོས། ཚན་རྩལ་གདེང་འཇོག་དང་བྱ་དགའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། གསར་གཏོད་ལ་ཕན་པའི་ཁོར་ཡུག་བསྐྲུན་ནས་གཉིས་གཏོད་བྱེད་པོ་དེ་བས་མང་བ་འཕེལ་རྒྱས་ཐུབ་པ་བྱེད་དགོས། ན་གཞོན་ཤེས་ལྡན་མི་སྣ་དེ་བས་མང་བ་འབུར་དུ་ཐོན་རྒྱུར་སྐུལ་ལྕག་བྱེད་དགོས། རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་ཟབ་ཏུ་བཏང་ནས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་ཁྲོད་གཉིས་ཁེ་གཉིས་ཕན་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་གིས་ཚོགས་ཆེན་གཙོ་སྐྱོང་གནང་སྐབས། ཚན་རྩལ་དར་ན་མི་རིགས་དར་ཐུབ་པ་དང་ཚན་རྩལ་སྟོབས་དང་ལྡན་ན་རྒྱལ་ཁབ་སྟོབས་ཆེར་འགྲོ་ཐུབ། རྒྱ་ཆེའི་ཚན་རྩལ་ལས་དོན་པ་ཚོས་བྱ་དགའ་ཐོབ་མཁན་མིག་དཔེར་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་མུ་མཐུད་དར་སྤེལ་གཏོང་བ་དང་། ཚན་རིག་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། “ཁ་ཕྱོགས་བཞི”མཐའ་འཁྱོངས་བྱེད་པ། རང་འགུལ་ངང་ལོ་རྒྱུས་ཀྱི་འགན་འཁྲི་ལྕི་པོ་ཕྲག་ཏུ་འཁུར་བ་བཅས་བྱས་ནས་ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་ཚུགས་རང་སྟོབས་གང་མགྱོགས་མངོན་འགྱུར་བྱ་རྒྱུའི་རེ་བ་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རང་རྟེན་གསར་གཏོད་ཀྱི་འགྲོ་ལམ་ཐོག་བསྐྱོད་དེ་འཛམ་གླིང་གི་ཚན་རྩལ་སྟོབས་ཆེའི་རྒྱལ་ཁབ་སྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་འཐབ་ཧུར་ཐག་བྱེད་དགོས་ཞེས་གསུངས་པ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཧོ་ཡིས་ཚོགས་འདུའི་ཐོག《2020ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས》སྒྲོག་སྦྱངས་གནང་བ་རེད།
         ཝང་ཏ་ཀྲུང་གིས་བྱ་དགའ་ཐོབ་མཁན་ཡོངས་ཀྱི་ཚབ་ཞུས་ནས་གཏམ་བཤད་གནང་བ་རེད།
         བྱ་དགའ་སྤྲོད་པའི་ཚོགས་ཆེན་མ་འཚོག་གོང་། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་ཐོབ་མཁན་འཐུས་མིར་མཇལ་འཕྲད་གནང་བ་དང་འབྲེལ་ཚང་མ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་ཡང་བསྒྲོན་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1