སི་ཁྲོན་གྲོང་གསེབ་ཀྱི་རིམས་འགོག་ཚོད་འཛིན་བྱ་ཐབས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བ་ཁུལ་བོད་སྐད་བརྙན་འཕྲིན། སྤེལ་དུས། 11-08


        ཟླ་11ཚེས་4ཉིན་སི་ཁྲོན་ཞིང་ཆེན་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་འཕྲལ་སྡོམ་བཀོད་འདོམས་པུའུ་ཡི་གྲོང་གསེབ་ལས་དོན་ཚོགས་ཆུང་གིས་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ས་ཁུལ་གྱི་ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་གྱི་བརྙན་ལམ་བཀོད་གཏོང་ཚོགས་འདུ་འཚོགས་པ་རེད།
        ཚོགས་འདུའི་ཐོག་ཟླ་11ཚེས་3ཉིན་ཞིང་ཨུའི་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་ལས་དོན་མགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བཅུ་བཞི་པའི་དགོངས་དོན་དང་ཞིང་ཆེན་འཕྲལ་སྡོམ་བཀོད་འདོམས་པུའུ་ཡི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་བརྙན་ལམ་བཀོད་གཏོང་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་རེད། ཁྲིན་ཏུའུ་གྲོང་ཁྱེར་དང་ཙི་ཀུང་གྲོང་ཁྱེར། ཕན་ཀྲི་ཧྭ་གྲོང་ཁྱེར། རྔ་བ་ཁུལ། མན་དབྱང་གྲོང་ཁྱེར། ཀོང་ཨན་གྲོང་ཁྱེར་ལིན་ཧྲུའེ་རྫོང་གི་གྲོང་གསེབ་ལས་དོན་ཚོགས་ཆུང་བཅས་ཀྱིས་མིག་སྔའི་གྲོང་གསེབ་ས་ཁུལ་གྱི་རིམས་ནད་གནས་ཚུལ་ལ་ཁ་གཏད་གཅོག་པའི་ལས་དོན་སྤེལ་ཚུལ་དང་། དེར་ལྷག་པའི་གནད་དོན། དེ་བཞིན་གོམ་སྟབས་རྗེས་མའི་ལས་དོན་གྱི་འཆར་གཞི་སོ་སོ་སྙན་སེང་ཞུས་པ་རེད།
        ཚོགས་འདུའི་ཐོག་གྲོང་གསེབ་ནི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་གནས་ཀྱི་རིམ་པ་ཞན་ཤོས་ཤིག་ཡིན་པས་ས་གནས་ཁག་གིས་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་འོག་མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བཅས་བྱས་ཏེ་གྲོང་གསེབ་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཁག་དོན་འཁྱོལ་ནན་པོ་བྱེད་དགོས་ལ། ཤོ་རྩེད་ཁང་དང་མ་ཅང་ཁང་ལ་དོ་དམ་ནན་པོ་བྱེད་པ། ར་སྐོར་གསོལ་སྟོན་གཤོམ་པར་ཚོད་འཛིན་ནན་པོ་བྱས་ནས་བྱེད་ཐབས་ཚང་མ་ལས་གནས་དང་ལས་བྱེད་པ་སོ་སོར་དོན་འཁྱོལ་ཡོང་བ་བྱེད་པ་དང་། གོང་འོག་ཚང་མས་རིམས་འགོག་དམིགས་འབེན་འགྲུབ་པར་བྱེད་དགོས།
        ཚོགས་འདུའི་ཐོག་ས་གནས་ཁག་གིས་ནན་འགོག་ནན་སྲུང་བྱེད་པ་དང་སེམས་ཐག་རྦད་ཆོད་བྱེད་པ།“གཟབ་ནན”བཅས་ཀྱི་སྒོ་ནས་གྲོང་གསེབ་ས་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མཐའ་ཚད་བརྟན་དུ་གཏོང་དགོས། ཆུ་ཚོད་24ཡི་ལས་རེས་བརྟན་སྲུང་དང“ཉིན་རེར་སྙན་ཞུ་འབུལ་བ་དང་སྙན་ཞུ་གཅིག་ཀྱང་མེད་པ”བཅས་ཀྱི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་སྐུལ་སློང་གི་རྣམ་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས།
        ཕ་ཡུལ་དུ་ལོག་པ་དང་། གྲོང་གསེབ་ཏུ་བསྐྱོད་པ། ཡུལ་ཚོར་ཡོང་བ་བཅས་ཐོག་མཐའ་བར་གསུམ་དུ་དམ་འཛིན་ཡག་པོ་བྱས་ཏེ་ཡུལ་གསུམ་གྱི་མི་སྣར་དོ་དམ་ཚོད་འཛིན་ནན་པོ་བྱས་ནས་འགག་སྒོ་ནན་པོ་སྲུང་དགོས། གྲོང་གསེབ་ཀྱི་མ་ཅང་ཁང་དང་ཤོ་རྩེད་ཁང་། ཞིང་པའི་སྤྲོ་སྐྱིད་ཁང་། ཡུལ་མིའི་སྡོད་ཁང་། ཞིང་ཟོག་ཉོ་ཚོང་ཁྲོམ་ར། གྲོང་གསེབ་མཛེས་ལྗོངས་ཁུལ་གྱི་ཟུར་དུ་ཡོད་པའི་གྲོང་གསེབ། ཟུར་འཇོག་བྱ་ཡུལ་གྱི་མཐའ་འཁོར་དུ་ཡོད་པའི་གྲོང་གསེབ་ས་ཁུལ་བཅས་གཙོ་གནད་ཁུལ་7དུ་གཅིག་སྡུད་ཐོག་ལྟ་སྐུལ་ཞིབ་བཤེར་ཐེངས་གཅིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
        གྲོང་གསེབ་ཀྱི་ར་སྐོར་གསོལ་སྟོན་སོགས་རུབ་འཛོམས་རང་བཞིན་གྱི་བྱེད་སྒོར་ཐོག་མཐའ་བར་གསུམ་དུ་དོ་དམ་ཚོད་འཛིན་ནན་པོ་བྱས་ནས་ཁོངས་གཏོགས་ས་ཆའི་དོ་དམ་མཐའ་འཁྱོངས་བྱེད་པ་དང་།“སུས་མཆན་བཀོད་ན་དེས་འགན་འཁུར་བ”དང་།“སུས་སྒྲུབ་ན་དེས་འགན་འཁུར་བ”“སུས་ཚོད་འཛིན་མ་ཐུབ་ན་དེར་འགན་འཁྲི་རྩད་གཅོད་བྱེད་པའི”རྩ་དོན་མཐའ་འཁྱོངས་བྱེད་དགོས་ལ། སྟོན་མོ་འགོར་འགྱངས་གཏོང་བ་དང་འདས་མཆོད་སྟབས་བདེ་སྒྲུབ་པ། གསོལ་སྟོན་མི་གཤོམ་པ་བཅས་བྱེད་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད། རང་སའི་ནད་པ་ཐོན་སའི་གྲོང་གསེབ་ནས་ར་སྐོར་གསོལ་སྟོན་གཤོམ་པ་སོགས་འདུ་འཛོམས་རང་བཞིན་གྱི་བྱེད་སྒོ་གཏན་ནས་སྤེལ་མི་ཆོག
        རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ་དང་སྲིད་ཇུས་ཤེས་རྟོགས་ཐུབ་ཚད་མཐོ་རུ་བཏང་ནས་ཞིང་པ་མང་ཚོགས་ཀྱིས་རང་འགུལ་ངང་སྔོན་འགོག་ཚོད་འཛིན་གྱི་བྱེད་པོའི་འགན་འཁྲི་འཁུར་རྒྱུར་ཁྲིད་སྟོན་བྱས་ཏེ་མཉམ་དུ་གྲོང་གསེབ་ས་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྲུང་ཡོལ་ཇེ་བརྟན་དུ་གཏོང་དགོས།
        གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་དང་དམིགས་ཚད་ཕྱོགས་སྟོན་དུ་འཛིན་རྒྱུ། གྲུབ་འབྲས་ཕྱོགས་སྟོན་དུ་འཛིན་རྒྱུ་བཅས་མཐའ་འཁྱོངས་བྱས་ཏེ་སྐྱོན་ཆར་ཞིབ་བཤེར་དང་མེད་པ་བཟོ་དགོས། གྲོང་གསེབ་ས་ཁུལ་ནས་རིམས་ནད་སྔ་ཙམ་ནས་ཤེས་རྟོགས་དང་། མཇུག་ཏུ་དོ་དམ་ཚོད་འཛིན་བྱེད་པ། གྲོང་གསེབ་ཀྱི་འཚོ་བར་འགན་ལེན། ཞིང་ལས་ཐོན་སྐྱེད་ལ་རོགས་སྐྱོར་སོགས་ཀྱི་འགག་རྩའི་རིམ་པར་དམིགས་ཏེ་གྲོང་གསེབ་ས་ཁུལ་གྱི་མཉམ་འདུས་རིམས་ནད་ཐག་གཅོད་ཀྱི་འཕྲལ་སྡོམ་ནང་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་འཕྲལ་སྡོམ་སྔོན་ཇུས་ལ་ཞིབ་བཤེར་དང་། འཕྲལ་སྡོམ་ལམ་སྲོལ་དང་འཚམ་པ། འཕྲལ་སྡོམ་དཔུང་ཁག་ལ་སྦྱོང་བརྡར་བཅས་བྱས་ཏེ་གྲོང་གསེབ་ས་ཁུལ་གྱི་འཕྲལ་སྡོམ་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1