ཡུལ་ཤུལ་ས་ཡོམ་བརྒྱུད་མྱོང་མཁན་ཞིག་གི་ཟི་ལིང་རིམས་འགོག་གཏམ་རྒྱུད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 11-09



       ལོ་50ལ་སླེབས་པའི་བོད་རིགས་ཕོ་རྒོད་བློ་བཟང་བརྩོན་འགྲུས་ནི་ཟི་ལིང་གྲོང་ཁྱེར་གྱི་བོད་ཟས་ཚོང་ཁང་ཞིག་གི་འགན་འཁུར་བ་རེད། སྤྱི་ཟླ་10པའི་ཚེས་28ཉིན་ནས་བཟུང་ཟི་ལིང་དུ་བསྟུད་མར་ཏོག་གསར་གློ་ཚད་ཀྱི་ནད་རྟགས་གཏན་འཁེལ་གྱི་ནད་དཔེ་ཐོན་པ་རེད། རིམས་ནད་ཀྱི་གནས་ཚུལ་ཤེས་རྗེས་བློ་བཟང་བརྩོན་འགྲུས་ཀྱི་སེམས་ནང་བྲེལ་འཚུབ་དང་སེམས་ཁྲལ་གྱིས་ཁེངས་ཏེ་དགོང་མོ་གཉིད་ཡང་ཁུག་ཐུབ་ཀྱི་མེད། ཁོང་གིས་མིག་བཙུམས་མ་ཐག་ལོ་ངོ་11གོང་གི་གནས་ཚུལ་དེ་དག་ཡིད་ལ་ཝ་ལེར་ཤར་ཡོང་གི་ཡོད། སྤྱི་ལོ་2010ལོར་ཡུལ་ཤུལ་དུ་ས་ཡོམ་བརྒྱབ་རྗེས་རྒྱལ་ཡོངས་ཀྱིས་རོགས་སྐྱོར་བྱས་པ་དང་། ཕྱོགས་གཅིག་ལ་དཀའ་ངལ་འཕྲད་སྐབས་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱས་ཡོད། 
       ད་རེས་རང་ཉིད་ཀྱི་ནུས་པ་ལ་བརྟེན་ནས་དྲིན་ལན་འཇལ་བ་ནི་ཁོང་གི་ཆེས་བབ་ཆགས་པའི་བསམ་ཚུལ་རེད། སྤྱི་ཟླ་10པའི་ཚེས་30ཉིན། བློ་བཟང་བརྩོན་འགྲུས་ཀྱིས་གནས་སྐབས་ཉིང་སྐྱུར་སྔོག་འདོན་ས་ཚིགས་3དང་འབྲེལ་བ་བྱས་ནས་རིམས་ནད་འགོག་བཅོས་མི་སྣ་200ཙམ་ལ་ཉིན་གཉིས་པའི་གཅེས་སེམས་གུང་ཟས་མཁོ་འདོན་བྱེད་པའི་ལས་འགན་ཕྲག་ཏུ་བླངས་པ་རེད། གནས་སྐབས་ཉིང་སྐྱུར་སྔོག་འདོན་ས་ཚིགས་ཤིག་ཏུ་སླེབས་སྐབས་བློ་བཟང་བརྩོན་འགྲུས་ཀྱིས་ལས་དོན་མི་སྣའི་སྣེ་ཁྲིད་དེ་རིམས་ནད་འགོག་བཅོས་པར་གཅེས་སེམས་གུང་ཟས་སྤྲད་པ་རེད། 
       བློ་བཟང་བརྩོན་འགྲུས་ཀྱིས་ད་དུང་འགོག་སྲུང་གྱོན་ཆས་དང་། ཁ་རས། སྲུང་ཤེལ་སོགས་ཉོས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ཉིང་སྐྱུར་སྔོག་འདོན་ས་ཚིགས་དང་སྡེ་ཁུལ་གྱི་ལས་དོན་མི་སྣའི་ལག་ཏུ་སྤྲད་པ་རེད། གསར་འགོད་པས་བཅར་འདྲི་བྱས་ཏེ་ཤེས་རྟོགས་བྱུང་བར་གཞིགས་ན། ཟི་ལིང་གི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ཕྱོགས་དང་པོར་ད་དུང་བློ་བཟང་བརྩོན་འགྲུས་དང་འདྲ་བའི་ཡུལ་ཤུལ་གྱི་ས་ཡོམ་བརྒྱུད་མྱོང་མཁན་མི་ཉུང་བ་ཞིག་ཡོད་པ་རེད། ཁོང་ཚོས་ལས་གནས་མི་འདྲ་བར་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་འགན་འཁྲི་སྒྲུབ་པ་དང་མི་གཞན་ལ་རོགས་པ་བྱས་ཏེ་དྲོ་སྐྱིད་དང་གཅེས་སེམས་བརྒྱུད་སྤྲོད་བྱེད་ཀྱི་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1