ཞི་ཅིན་ཕིང་གིས་ཤིན་ཧྭ་གསར་འགྱུར་ཁང་ལ་རྟེན་འབྲེལ་ཞུ་ཡིག་ཕུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 11-10


        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས་ཤིན་ཧྭ་གསར་འགྱུར་ཁང་བཙུགས་ནས་ལོ་90འཁོར་བར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ཤིན་ཧྭ་གསར་འགྱུར་ཁང་གི་བློ་མཐུན་ཡོངས་ལ་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་འབྲེལ་ཀྲུང་གོའི་གསར་འགོད་པའི་དུས་ཆེན་ཐེངས་ཉེར་གཉིས་པ་འཆར་ཉེར་ཡོད་པའི་སྐབས་སུ་རྒྱལ་ཡོངས་ཀྱི་རྒྱ་ཆེའི་གསར་འགྱུར་ལས་དོན་པར་དུས་ཆེན་གྱི་འཚམས་འདྲི་ཞུས་གནང་བ་རེད།
        ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་། ལོ་90ཡི་རིང་། ཤིན་ཧྭ་གསར་འགྱུར་ཁང་གིས་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲང་སྟེ། ཏང་གི་འདོད་ཚུལ་དྲིལ་བསྒྲགས་དང་། མི་དམངས་ཀྱི་བསམ་འདུན་མཚོན་པ། དུས་རབས་ཀྱི་སྙིང་སྟོབས་ཟིན་ཐོར་འགོད་པ། ཀྲུང་གོའི་སྐད་སྒྲ་བརྒྱུད་བསྒྲགས་བཅས་བྱས་ནས། གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་ལོ་རྒྱུས་དུས་མཚམས་ཁག་ཏུ་ནུས་པ་གལ་ཆེན་བཏོན་ཡོད་ཅེས་བསྟན་གནང་བ་དང་།
        ཞི་ཅིན་ཕིང་གིས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག ཤིན་ཧྭ་གསར་འགྱུར་ཁང་གིས་ཏང་གི་འགོ་ཁྲིད་འོག ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཁོང་དུ་ཆུད་པ་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། མི་དམངས་ལ་བཅངས་པའི་བརྩེ་སེམས་བརྟན་སྲུང་བྱེད་པ། གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད་བྱེད་པ། སྤྱོད་གཙང་གསར་གཏོད་རྒྱུན་འཁྱོངས་བྱེད་པ། མཉམ་འདྲེས་གོང་འཕེལ་མགྱོགས་སུ་གཏོང་བ། ཕྱི་ཕྱོགས་སུ་བརྒྱུད་བསྒྲགས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། རྒྱལ་སྤྱིའི་ཐོག་གི་སྨྱན་སྦྱོར་ཡོངས་ཀྱི་སྒྲིག་གཞི་རྩེ་གྲ་ཞིག་ཧུར་ཐག་བསྐྲུན་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་གསུངས་གནང་ཡོད་པ་རེད།
        ཤིན་ཧྭ་གསར་འགྱུར་ཁང་བཙུགས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཚེས་6ཉིན་གྱི་སྔ་དྲོ་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཧོང་ཁུན་མིང་ཚོགས་ཆེན་ལ་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཐོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཆབ་སྲིད་པས་གསར་འགྱུར་ཁང་གཉེར་བའི་རྩ་དོན་རྒྱུན་འཁྱོངས་བྱེད་པ། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་པ། ཐོག་མའི་བསམ་འདུན་བརྟན་པོར་བཅངས་པ། རྒྱལ་ཁབ་ཀྱི་དོན་ཆེན་སེམས་ལ་བཅངས་པ་བཅས་བྱས་ནས། ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་ཁྱོན་ཡོངས་ནས་དྲིལ་བསྒྲགས་གཏིང་ཟབ་བྱེད་པ་དང་། ཏང་གི་འདོད་ཚུལ་སྒྲོག་སྤེལ་རྒྱ་ཁྱབ་བྱེད་པ། མི་དམངས་ཀྱི་བསམ་འདུན་ཧུར་ཐག་མཚོན་པ། དུས་རབས་ཀྱི་རི་མོ་སེམས་རྣལ་མོས་འབྲི་བ། དུས་རབས་ཀྱི་འགྱུར་ཁུག་ཤུགས་ཀྱིས་དཀྲོལ་བ་བཅས་ཀྱི་ཐོག་ནས། ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་འགན་འཁྲི་དང་ལས་འགན་དེ་བས་ལེགས་པའི་སྒོ་ནས་སྒྲུབ་པ་དང་། ཏང་དང་མི་དམངས་དུས་རབས་བཅས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་གསར་པ་ཧུར་ཐག་གཏོད་དགོས་ཞེས་གསུངས་ཡོད།
        ཚོགས་འདུའི་ཐོག ཤིན་ཧྭ་གསར་འགྱུར་ཁང་གི་འགན་ཁུར་བ་དང་། ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་བློ་མཐུན་རྒན་གྲས། གཞོན་སྐྱེས་གསར་འགོད་པ། ཕྱི་རྒྱལ་གྱི་ལས་བཟོ་བཅས་ཀྱི་འཐུས་མིས་གཏམ་བཤད་སྤེལ་ཡོད།
        སྤྱི་ལོ་1931ལོའི་ཟླ་11པའི་ཚེས་7ཉིན། ཤིན་ཧྭ་གསར་འགྱུར་ཁང་གི་ཐོག་མའི་ལས་ཁུངས་གསར་བརྗེའི་ཀྲུང་ཧྭ་གསར་འགྱུར་ཁང་རུའེ་ཅིན་དུ་བཙུགས་པ་དང་། སྤྱི་ལོ་1937ལོའི་ཟླ་བ་དང་པོར་ཡན་ཨན་དུ་ཤིན་ཧྭ་གསར་འགྱུར་ཁང་ཞེས་སུ་མིང་བསྒྱུར། ལོ་ངོ་90ཡི་གོང་འཕེལ་བྱུང་བ་བརྒྱུད། ཤིན་ཧྭ་གསར་འགྱུར་ཁང་ལ་ད་ལྟ་རྒྱལ་ཁབ་ཕྱི་ནང་གི་ཡན་ལག་ལས་ཁུངས་200ལྷག་ཙམ་ཡོད་པ་དང་། སྐད་རིགས་15ཡི་ཐོག་ནས་གོ་ལ་ཧྲིལ་པོའི་སྤྱོད་མཁན་8000ལ་གསར་འགྱུར་ཆ་འཕྲིན་མཁོ་འདོན་བྱེད་ཀྱི་ཡོད་ཅིང་། འཛམ་གླིང་གི་མི་འབོར་ཕྱེད་ཀ་ཡན་ལ་ཁེབས་ཀྱི་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1