ཞི་ཅིན་ཕིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་མཐོ་རིམ་གྲོས་ཚོགས་ཐེངས་ཉེར་བརྒྱད་པར་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 11-16


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ11པའི་ཚེས12ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་བརྙན་ལམ་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་བརྒྱད་པར་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་།
        ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ནང་ཞུགས་ནས་ལོ་སུམ་ཅུ་འཁོར་བའི་ལོ་ཡིན།  འདས་པའི་ལོ་ངོ་སུམ་ཅུ་ནི་ཀྲུང་གོས་བཅོས་སྒྱུར་གཏིང་ཟབ་དང་སྒོ་འབྱེད་ཡངས་པོ་བྱས་པའི་ལོ་སུམ་ཅུ་ཡིན་ལ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་བའི་ལོ་ངོ་སུམ་ཅུ་ཡང་ཡིན། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་ནི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གསོན་ཤུགས་དང་འཕེལ་རྒྱས་ཀྱི་སྦས་ཤུགས་ཆེན་པོ་ལྡན་པའི་ས་ཁུལ་ཞིག་ཏུ་གྱུར་ནས། འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་དང་ས་ཁུལ་མི་དམངས་ཀྱི་བདེ་སྐྱིད་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། ང་ཚོས་ཉིས་སྟོང་བཞི་བཅུ་ལོའི་པུའུ་ཐི་ལཱ་ཅ་ཡའི་ཕུགས་འདུན་དོན་འཁྱོལ་ཡོང་རྒྱུར་སྐུལ་འདེད་བཏང་ནས། སྒོ་འབྱེད་དཀྱེལ་ཡངས་དང་གསར་གཏོད་འཕེལ་རྒྱས། ཕན་ཚུན་འབྲེལ་མཐུད། མཉམ་ལས་གཉིས་ཕན་བཅས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ལས་སྐལ་ཐུན་མོང་ཚོགས་པ་བསྐྲུན་དགོས།
        གཅིག་ནས་རིམས་ནད་འགོག་བཅོས་མཉམ་ལས་དང་དཔལ་འབྱོར་སླར་གསོ་ཡོང་བར་སྐུལ་འདེད་གཏོང་དགོས། གཉིས་ནས་སྒོ་འབྱེད་ཅན་གྱི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་བྱེད་དགོས། གསུམ་ནས་གསར་གཏོད་འཕར་སྣོན་དང་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། བཞི་ནས་དཀྱེལ་ཡངས་དང་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་བྱེད་དགོས།
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་ལོ་ཡིན་ལ། ཀྲུང་གོ་མི་དམངས་དུང་ཕྱུར་བཅུ་བཞི་ལྷག་ལ་སྔར་ལས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་དུ་འཇུག་རྒྱུ་དང་། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་གཏོང་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་གི་རྒྱུན་འཁྱོངས་ལྷོད་མེད་ཀྱིས་འབད་འཐབ་བྱེད་ཀྱིན་པའི་དམིགས་འབེན་ཡིན། མིག་སྔར། ཀྲུང་གོས་སྤྱི་ཚོགས་རིང་ལུགས་དེང་རབས་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པ་བསྐྲུན་ཡོད། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་ཤུགས་ཆེ་རུ་བཏང་ནས། འཛམ་གླིང་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཁོངས་ཞུགས་རྒྱལ་ཁབ་ཁག་ལ་ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་རྒྱུ་ཡིན།
        ཞི་ཅིན་ཕིང་གིས་མཇུག་ཏུ་ནན་གྱིས་བསྟན་དོན། ནེའུ་ཙི་ལན་རྒྱལ་ཁབ་ཏུ་གྲུབ་འབྲུས་ནི་མི་སྒེར་ལ་བརྟེན་ནས་ཐོབ་པ་མིན་པར། མཉམ་སྡེབ་ལ་བརྟེན་ནས་ཐོབ་པ་ཡིན་ཞེས་པའི་གཏམ་དཔེ་ཞིག་ཡོད་པ་ནང་བཞིན། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཁོངས་ཞུགས་རྒྱལ་ཁབཁག་དང་མཉམ་དུ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ལས་སྐལ་ཐུན་མོང་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གང་ལེགས་བཏང་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་ལ་མདུན་ལྗོངས་བསྐྲུན་དགོས།
        ཐེངས་འདིའི་ཚོགས་འདུ་ནེའུ་ཙི་ལན་གྱི་ཙུང་ལི་ཨ་ཏི་ཨུན་གྱིས་མགོ་འཛིན་བྱས་ཤིང་། ཚོགས་འདུའི་བརྗོད་དོན་ནི་རིམས་ནད་བྱུང་རྗེས་ཀྱི་དཔལ་འབྱོར་སླར་གསོ་ལ་སྐུལ་འདེད་བཏང་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་མི་དམངས་དང་བུ་རབས་ཚ་རྒྱུད་མཉམ་དུ་དར་རྒྱས་ཡོང་བར་བྱེད་དགོས་ཞེས་པ་དེ་རེད། ཚོགས་ཐོག་ནས་ཉིས་སྟོང་བཞི་བཅུ་ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་པུའུ་ཐི་ལཱ་ཅ་ཡ་ཡི་ཕུགས་འདུན་ཞེས་པར་གྲོས་འཆམ་བྱུང་བ་དང་། ཉིས་སྟོང་ཉེར་གཅིག་ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་བསྒྲགས་གཏམ་ཞེས་པ་སྤེལ།
        ཏིན་ཞུའེ་ཞང་དང་དབྱང་ཅེ་ཁྲི། ཝང་དབྱིས། ཧི་ལིས་ཧྥུན་སོགས་ཚོགས་འདུར་ཞུགས།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1