ཞི་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་པའེ་ཏེང་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-17



        སྤྱི་ཚེས་16ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་དུ་བརྙན་ལམ་ཐོག་ནས་ཨ་རིའི་ཙུང་ཐུང་པའེ་ཏེང་དང་མཇལ་འཕྲད་གནང་།

        ཞི་ཅིན་ཕིང་གིས། མིག་སྔར་ཀྲུང་གོ་དང་ཨ་རིའི་འཕེལ་རྒྱས་དེ་འགག་རྩའི་དུས་མཚམས་སུ་གནས་པ་དང་མིའི་རིགས་ཀྱི་སའི་གོ་ལའི་གྲོང་ཚོར་ཡང་འགྲན་སློང་མང་པོ་འཕྲད་ཡོད། ཀྲུང་གོ་དང་ཨ་རི་ནི་འཛམ་གླིང་གི་དཔལ་འབྱོར་ཚོགས་པ་རྩེ་གྲ་གཉིས་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཡིན་པས། སྤེལ་རེས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། ང་ཚོས་སོ་སོའི་རྒྱལ་ནང་གི་ལས་དོན་ལེགས་པོ་བསྒྲུབ་དགོས་པར་མ་ཟད། འཁུར་འོས་པའི་རྒྱལ་སྤྱིའི་འགན་འཁྲི་ཡང་ཁུར་ནས་ཐུན་མོང་ཐོག་མིའི་རིགས་ཞི་བདེ་དང་འཕེལ་རྒྱས་ཡོང་བའི་བླ་ན་མེད་པའི་བྱ་གཞག་ལ་སྐུལ་འདེད་གཏོང་དགོས། དེ་ནི་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཐུན་མོང་གི་འདུན་པ་ཡིན་ལ་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ཐུན་མོང་གི་ལས་འགན་ཡང་ཡིན་ཞེས་བསྟན་པ་རེད།
        ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨ་རི་གཉིས་ཀྱིས་རང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཞི་བདེ་བརྟན་ལྷིང་གི་རྒྱལ་སྤྱིའི་ཁོར་ཡུག་ལ་སྲུང་སྐྱོང་བྱེད་དགོས་པ་དང་། ནམ་ཟླའི་འགྱུར་ལྡོག་དང་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཚུད་པའི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ཚང་མའི་མདུན་ནས། ཀྲུང་གོ་དང་ཨ་རིའི་འབྲེལ་བ་སྐྱོན་བྲལ་ཡོང་བ་དང་བརྟན་པོ་ཞིག་ཆགས་དགོས་ཅེས་ནན་གསུངས་གནང་ཞིང་། ཀྲུང་གོ་དང་ཨ་རི་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་དང་ཞི་མཐུན་མཉམ་གནས། མཉམ་ལས་མཉམ་རྒྱལ་བཅས་བྱ་དགོས་ལ། ངས་སྐུ་ཞབས་ཙུང་ཐུང་དང་མཉམ་དུ་ངོས་འཛིན་གཅིག་མཐུན་དང་ལག་ལེན་་ཧུར་ཐག་བྱས་ནས་ཀྲུང་གོ་དང་ཨ་རིའི་བར་གྱི་འབྲེལ་བ་འཕེལ་རྒྱས་ཧུར་ཐག་གཏོང་རྒྱུར་སྣེ་ཁྲིད་བྱེད་འདོད་ཡོད། འདི་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་དགོས་མཁོ་ཡིན་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དགོས་མཁོ་ཡང་ཡིན་ཞེས་གསུངས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1