ཁྲེང་ཏུའུ་ནས་མི་རེར་ཁ་གསབ་སྒོར་600ཡོད་པའི་འགོག་ཁབ་HPVརྒྱག་འགོ་ཚུགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-23



        ཟླ་11ཚེས་15ཉིན་ཁྲེང་ཏུའུ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གྲོང་ཁྱེར་སློབ་གསོ་ཅུས་དང་གྲོང་ཁྱེར་ནོར་སྲིད་ཅུས་དང་མཉམ་འབྲེལ་ཐོག་ནས་《ཁྲེང་ཏུའུ་གྲོང་ཁྱེར་གྱི་མངལ་སྐེའི་འབྲས་སྐྲན་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིནHPVརིམས་འགོག་སྨན་ཁབ་རྒྱག་པའི་ལག་བསྟར་ཇུས་གཞི(2021ལོའི་པར་གཞི)》དངོས་སུ་འགྲེམས་སྤེལ་བྱས་པ་རེད། ཇུས་གཞིའི་ནང་2021ལོ་ནས་བཟུང་གྲོང་ཁྱེར་དེ་ཡོངས་ཀྱི་སློབ་གྲྭར་ཡོད་པའི་ལོ་ཚད་ལོངས་པའི་བུ་མོ་ལHPVརིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་སྤེལ་ནས། ཆུས(གྲོང་ཁྱེར)དང་རྫོང་ཚང་མར་ཁྱབ་ཐུབ་པ་བྱ་རྒྱུ་དང་། 2025ལོའི་ལོ་མཇུག་ཏུ་སླེབས་སྐབས་སློབ་གྲྭར་ཡོད་པའི་ལོ་ཚད་ལོངས་པའི་བུ་མོ་ལ་HPVབརྒྱབ་ཚད་90%ལས་བརྒལ་རྒྱུའི་འཆར་གཞི་ཡོད་པ་བཏོན་པ་རེད།
        ལག་བསྟར་ཇུས་གཞིའི་ནང་། ལོ་ཚད་ལོངས་པའི་བུ་མོ་ཞེས་པ་ནི་ལོ་དེ་ལ་ལོ་13ནས་14བར་གྱི་སློབ་གྲྭར་ཡོད་པའི་སློབ་མ་བུ་མོ་ལ་ཟེར་ཞིང་། སློབ་མའི་ཁྱིམ་བདག(ལྟ་སྐྱོང་བ)གིས་རང་རྒྱལ་གྱིས་བཟོས་པ་དང་ནང་འདྲེན་བྲིན་ཟུང་དང་། ནང་འདྲེན་བྲིན་བཞི་ཡིHPVརིམས་འགོག་སྨན་ཁབ་ཁྲོད་ནས་རང་འགུལ་ངང་གདམ་ག་བྱེད་ཆོག ནོར་སྲིད་མ་དངུལ་གྱིས་མི་རེར་ཁ་གསབ་སྒོར་600སྤྲོད་རྒྱུ་དང་། ཁ་གསབ་བྱས་རྗེས་ཀྱི་རིམས་འགོག་སྨན་ཁབ་ཀྱི་གྲོན་དངུལ་གྱི་ཁྱད་གྲངས(ཁབ་རེ་ལ་སྒོར་20)དེ་རིམས་འགོག་སྨན་ཁབ་རྒྱག་མཁན་གྱི་ཁྱིམ་བདག(ལྟ་སྐྱོང་པ)གིས་སྤྲོད་དགོས་པ་རེད། 
        ལག་བསྟར་ཇུས་གཞིའི་ནང་ད་དུང་བླང་བྱ་བཏོན་དོན།ལོ་ལྟར་གྱི་སྟོན་དུས་སློབ་འགོ་ཚུགས་སྐབས་སློབ་གྲྭས་མཐིལ་རྟོགས་ཐོ་འགོད་ལས་དོན་སྒྲུབ་འགན་འཁུར་ནས“གནས་ཚུལ་ཤེས་རྟོགས་དང་རང་མོས། རང་མོས་གདམ་ག འགོག་ཁབ་རང་མོས་རྒྱག་པ”བཅས་ཀྱི་རྩ་དོན་གཞིར་བཟུང་། སློབ་གྲྭ་གནས་ཡུལ་གྱི་སྔོན་འགོག་སྨན་ཁབ་རྒྱག་མཁན་ཚན་པས་HPVརིམས་འགོག་སྨན་ཁབ་རྒྱག་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1