ཁྲིམས་འགལ་གནས་སྤོར་སྡོད་དམངས་ལྐོག་འགྲོས་བྱེད་པ་དང་ཉ་འཛིན་དབང་ཆའི་གནད་དོན་གྱིས་ཧྥ་རན་སི་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱི་འགལ་བ་ཇེ་ཆེར་བཏང་ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 11-29


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཡའོ་ཧན་ཞོན་གྱིས་ཉེ་སྔོན་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐད་ནས་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ལ་འཕྲིན་ཡིག་བསྐུར་བ་དང་། དབྱིན་ཇི་ཕྱོགས་ཀྱིས་ད་རུང་འཕྲིན་ཡིག་དེ་དྲ་ཐོག་ཏུ་སྤེལ་ཡོད། མཱ་ཁི་ལུང་གིས་དོན་དེའི་ཐད་ནས་བསྟན་དོན། དབྱིན་ཇིའི་བྱ་སྤྱོད་དེ་ནི་འོལ་ཚོད་ཀྱི་བྱ་སྤྱོད་ཅིག་རེད་ཟེར། ཚེས་ཉེར་དྲུག་ཉིན་ཧྥ་རན་སིའི་ཉ་བདའ་དག་གིས་དབྱིན་ཇི་ཡིས་ཧྥ་རན་སིའི་ཉ་བདའི་གྲུ་གཟིངས་ལ་ཉ་འཛིན་ཆོག་མཆན་མ་བྱིན་པའི་ཐད་ནས་ཧྥ་རན་སིའི་གྲུ་ཁ་ནས་ངོ་རྒོལ་བྱ་འགུལ་སྤེལ་བ་དང་། དབྱིན་ཇིའི་དངོས་ཟོང་དྲུད་པའི་གྲུ་གཟིངས་ཞིག་བཀག་པར་མ་ཟད་དབྱིན་ཇི་ལེ་མཚོ་འགག་གི་ཕུག་ལམ་བཀག་པ་རེད། ཁྲིམས་འགལ་གནས་སྤོར་སྡོད་དམངས་ལྐོག་འབྲོས་བྱེད་པ་དང་ཉ་འཛིན་པའི་དབང་ཆའི་གནད་དོན་གྱི་རྩོད་པ་བྱུང་བས་ཧྥ་རན་སི་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱི་འགལ་བ་སྔར་ལས་ཇེ་ཆེར་སོང་ཡོད། 
        ཡའོ་ཧན་ཞོན་གྱིས་ཚེས་ཉེར་ལྔ་ཉིན་མཱ་ཁི་ལུང་ལ་འཕྲིན་ཡིག་བསྐུར་ཏེ་དབྱིན་ཇི་ལེ་མཚོ་འགག་གི་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཀྱི་ལྐོག་འབྲོས་གནད་དོན་ལ་ཚོད་འཛིན་བྱེད་པར་ཧྥ་རན་སི་ཡིས་ཧྥ་རན་སི་ནས་དབྱིན་ཇིར་ཡོང་བའི་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཚང་མ་དང་ལེན་བྱེད་དགོས་པའི་གྲོས་གཞི་བཏོན། དབྱིན་ཇི་ཕྱོགས་ཀྱིས་ད་རུང་དྲ་ཐོག་ཏུ་འཕྲིན་ཡིག་དེ་སྤེལ་ཡོད་པ་རེད། 
        མཱ་ཁི་ལུང་གིས་ཚེས་ཉེར་དྲུག་ཉིན་དབྱི་ཐཱ་ལེ་རུ་འཚམས་འདྲི་བྱེད་པའི་སྐབས་སུ་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། དབྱིན་ཇིའི་བྱ་སྤྱོད་དེར་འོལ་ཚོད་ཆེ་བ་ཧ་ལས་པ་ཞིག་རེད། མགོ་ཁྲིད་པའི་བར་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཀྱི་གནད་དོན་ཐད་ཀྱི་འབྲེལ་འདྲིས་དེ་སྨྱན་བྱད་དུ་འཕྲིན་ཡིག་སྤེལ་བའི་ཐབས་ལ་བརྟེན་མི་རུང་ཟེར། 
        དབྱིན་ཇི་ཡིས་ཧྥ་རན་སིའི་ཉ་བདའི་གྲུ་གཟིངས་ལ་ཉ་འཛིན་ཆོག་མཆན་མ་བྱིན་པར་ངོ་རྒོལ་བྱེད་ཆེད། ཧྥ་རན་སིའི་ཉ་བདའ་སྐོར་ཞིག་གིས་ཚེས་ཉེར་དྲུག་ཉིན་ཧྥ་རན་སིའི་ཧྲིན་མཱ་ལོ་གྲུ་ཁ་དང་ཅཱ་ལའེ་གྲུ་ཁ་སོགས་སུ་ངོ་རྒོལ་བྱ་འགུལ་སྤེལ་ཏེ། གྲུ་ཁ་སྐོར་ཞིག་དང་དབྱིན་ཇི་ལེ་མཚོ་འགག་གི་ཕུག་ལམ་བཀག་སྡོམ་བྱས། ངོ་རྒོལ་བྱ་འགུལ་སྤེལ་སྐབས། དབྱིན་ཇིའི་དངོས་ཟོང་དྲུད་པའི་གྲུ་གཟིངས་ཤིག་ཧྲིན་མཱ་ལོ་གྲུ་ཁར་འབྱོར་དུས་ཧྥ་རན་སིའི་ཉ་བདའི་གྲུ་གཟིངས་བཅུ་ཕྲག་ལྷག་གིས་བཀག་པ་རེད། བཀག་སྡོམ་བྱ་འགུལ་ཚང་མ་ཉིན་དེའི་ཕྱི་དྲོར་མཇུག་སྒྲིལ་བ་རེད། 
        ཡའོ་ཧན་ཞོན་གྱི་མགྲིན་ཚབ་པས་ཚེས་ཉེར་དྲུག་ཉིན་བསྟན་དོན། དབྱིན་ཇི་ཡིས་ཉ་འཛིན་པའི་ཆོག་མཆན་སྟེར་བའི་ལངས་ཕྱོགས་འགྱུར་མེད་པ་དང་། ལོན་ཏོན་གྱིས་ཧྥ་རན་སིའི་ཉ་བདའི་ངོ་རྒོལ་བྱ་འགུལ་ལ་དོ་སྣང་བྱེད་བཞིན་ཡོད། དབྱིན་ཇི་ཕྱོགས་ཀྱིས་ཧྥ་རན་སིའི་དབང་འཛིན་ལས་ཁུངས་ཀྱིས་འགྲིམ་འགྲུལ་དང་ཉོ་ཚོང་རང་དབང་གི་འཁོར་རྒྱུག་ལ་འགན་སྲུང་བྱེད་པར་རེ་བཞིན་ཡོད་ཟེར། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1