སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་རྔ་བའི་ཡན་ལག་སློབ་གླིང་ལེགས་གྲུབ་དང་འཛིན་གྲྭ་དབུ་ཚུགས་མཛད་སྒོ་ལིས་རྫོང་ནས་སྤེལ།

མུན་ཁེར་སྐྱེས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-29



        རྒྱལ་བའི་གཟི་བྱིན་རྟག་བརྟན་གླིང་དུ་འཕྲོས། །ཚངས་དབྱངས་འགྱུར་ཁུག་བཀྲ་ཤིས་ལུང་བར་ཁྱབ། །སྤྱི་ཟླ་11ཚེས་27ཉིན། སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་རྔ་བའི་ཡན་ལག་སློབ་གླིང་ལེགས་གྲུབ་དང་འཛིན་གྲྭ་དབུ་ཚུགས་མཛད་སྒོ་ལིས་རྫོང་ནས་དངོས་སུ་སྤེལ། ཞིང་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཐེན་ཞང་ལི་མཛད་སྒོར་ཕེབས་པར་མ་ཟད་སློབ་གླིང་གི་སྒོ་བྱང་གི་དར་ཁ་འབྱེད་པ་དང་། ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་ལས་ཁུངས་དང་རྔ་བ་ཁུལ་ཏང་ཨུ་དང་དམངས་འཐུས། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ། ཞིང་ཆེན་ནང་བསྟན་མཐུན་ཚོགས། སི་ཁྲོན་དང་མཚོ་སྔོན། ཀན་སུའུ་བཅས་བོད་བརྒྱུད་ནང་བསྟན་སློབ་གླིང་གི་འབྲེལ་ཡོད་འགོ་ཁྲིད་བཅས་མཛད་སྒོར་ཞུགས་པར་མ་ཟད། ཡུལ་དེའི་ལས་བྱེད་མང་ཚོགས་དང་སྐབས་དང་བོའི་སྤྲུལ་སྐུའི་འཛིན་གྲྭ་དང་དཔེ་ཁྲིད་དགེ་རྒན་འཛིན་གྲྭ། དམངས་གཙོ་དོ་དམ་ཁང་གི་ཀྲུའུ་རེན་འཛིན་གྲྭ་བཅས་ཀྱི་སློབ་གཉེར་པ་120བཅས་ཀྱིས་རྒྱལ་གླུའི་འགྲོས་དང་བསྟུན་ནས་རྒྱལ་དར་བསྒྲེེེངས་ཏེ། སློབ་གླིང་ལེགས་གྲུབ་དང་འཛིན་གྲྭ་དབུ་ཚུགས་པར་རྟེན་འབྲེལ་ཞུས་པ་རེད།

        སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་རྔ་བའི་ཡན་ལག་སློབ་གླིང་ནི་2020ལོའི་ཟླ་6པར་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་གཉིས་ཀྱིས་ཆོག་མཆན་ཐོབ་སྟེ་བཙུགས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཅན་གྱི་འབྲིང་རིམ་ཆོས་ལུགས་སློབ་གླིང་ཞིག་ཡིན་ལ། སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་རྔ་བའི་ཡན་ལག་སློབ་གླིང་ནི་བཀྲ་ཤིས་པའི་ཞིང་ས་དང་བོད་ཆའང་གི་ཁྱམས་ར་ཡངས་མོ་ཞེས་སུ་གྲགས་པའི་རྔ་བ་ཁུལ་ལིས་རྫོང་བཀྲ་ཤིས་གླིང་གྲོང་རྡལ་རྒྱལ་ཞིང་གྲོང་སྡེར་ཆགས་ཡོད།ཞིང་ཆེན་དུ་གཏོགས་པ་དང་ཁུལ་གྱིས་དོ་དམ་བྱེད་པའི་ཁྲུའུ་རིམ་སྤྱི་ཕན་དོན་ལས་སྡེ་ཁག་རིགས་དང་བོའི་དོ་དམ་སྒྲིག་གཞི་ཅན་ཞིག་ཀྱང་ཡིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པ། དྲུང་ཆེན་གཞོན་པ ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྟག་ཚ་སྐལ་བཟང་ཐུབ་བསྟན་ལེགས་བཤད་རྒྱ་མཚོ་མཆོག་གིས་གླིང་གཙོའི་འགན་བཞེས་ཡོད།
        སློབ་གླིང་གི་ས་ཟིན་རྒྱ་ཁྱོན་ལ་མུའུ་40དང་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་17440ཡོད། མིག་སྔར་སློབ་གླིང་ལ་སྣ་འཛོམས་ཐོག་ཁང་དང་རིག་གཞུང་སྙན་ཞུ་ཁང་། དགེ་བཟོ་བའི་བཞུགས་ཤག སློབ་མའི་གཟིམ་ཤག་སོགས་དེང་རབས་ཅན་གྱི་སློབ་ཁྲིད་ཐོག་ཁང་7དང་ཁང་ཤག་177ཡོད་པས།སློབ་མ་260ལྷག་གིས་མཉམ་དུ་སློབ་སྦྱོང་བྱེད་ཆོག །

        སློབ་གླིང་གིས་དུས་རབས་གསར་བའི་ཏང་གི་བོད་སྐྱོང་སྲིད་ཇུས་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས། སྲོལ་རྒྱུན་གྱི་སྒྲུབ་སྦྱོང་དང་དེང་རབས་ཀྱི་ཡོན་གནས་སློབ་གསོ་ཟུང་དུ་འབྲེལ་ཐབས་གཙོ་བོར་འཛིན་པ། ཆབ་སྲིད་ཐད་བློ་འཁེལ་ཆོག་པ་དང་ཆོས་ལུགས་ཐད་རྟོགས་པ་མཐོ་བ། ཀུན་སྤྱོད་ཐད་ཀུན་གྱིས་ཁས་ལེན་པ། གནད་འགག་ལ་འཕྲད་དུས་གོ་ཆོད་པ་བཅས་ཀྱི་བོད་བརྒྱུད་ནང་བསྟན་གྱི་ཡོན་ཏན་པའི་སྡེ་གསོ་སྐྱོང་བྱས་ཏེ། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་མཐུན་པར་བྱེད་པ་དང་། མི་རིགས་ས་ཁུལ་གྱི་དེང་རབས་བོད་བརྒྱུད་ནང་བསྟན་སློབ་གསོའི་ལྟེ་གནས་དང་བོད་བརྒྱུད་ནང་བསྟན་གྱི་འཐུས་ཚབ་མི་སྣ་གསོ་སྐྱོང་གི་གླིང་ག་ཞིག་ཏུ་བསྐྲུན་པར་ལྷོད་མེད་བྱས་ཏེ།  ཁུལ་ཡོངས་སུ་དཔལ་འབྱོར་སྤྱི་ཚོགས་དར་རྒྱས་དང་འཆམ་མཐུན་བརྟན་བརླིང་གི་རྣམ་པ་བཟང་བོ་ཞིག་ཆགས་པར་དགེ་མཚན་ལྡན་པའི་བྱས་རྗེས་འཇོག་རྒྱུ་རེད། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1